བློ་མཐུན་རྩོམ་སྒྲིག་པ་ལགས།
ང་དང་སྒྲོལ་མཚོ་གཉིས་གཉེན་བསྒྲིགས་ནས་ལོ་སུམ་ཅུ་ལྷག་འགོར་ཞིང་། བུ་དང་བུ་མོ་གཉིས་ཡོད་པ་དང་། བུ་ལ་སྔ་མོ་ནས་ཆུང་མ་བླངས་ཏེ་ཁྱིམ་ཚང་བསྒྲིགས་ཤིང་། བུ་མོ་སྡེ་བ་གཞན་ཞིག་ཏུ་གནས་ལ་བྱིན་ཡོད། ང་ཚོའི་སྡེ་བའི་ཡུལ་སྲོལ་གོམས་གཤིས་ལྟར་ན་གནས་ལ་བྱིན་པའི་བུ་མོས་ཕ་མའི་ཤུལ་ནོར་རྒྱུན་འཛིན་བྱས་མི་ཆོག་ལ། ཕ་མར་སྙོར་སྐྱོང་གི་འོས་འགན་དེ་བས་ཀྱང་མེད། བུ་མོ་གནས་ལ་འགྲོ་སྐབས་ཕ་མ་གཉིས་ཀྱི་ཤུལ་ནོར་རྒྱུན་འཛིན་བྱེད་དབང་དོར་བ་དང་། ཚེ་མཇུག་གི་འཚོ་བར་བདག་སྐྱོང་མི་བྱེད་པའི་སྐད་ཆ་གསལ་པོར་བཤད་ཡོད། ཕྱིས་སུ་ངེད་བཟའ་ཟླ་གཉིས་ཀྱིས་ཀྱང་བུ་མོར་སྙོར་སྐྱོང་གྲོན་དངུལ་བསླངས་མ་མྱོང་། ན་ནིང་ང་ལ་གློ་བུར་དུ་ནད་ཅིག་བྱུང་སྟེ་མལ་སར་ལྷུང་བས་འཚོ་བའི་ཐད་ནས་དཀའ་ཁག་དང་འཕྲད། དེར་བརྟེན། ངེད་བཟའ་ཟླ་གཉིས་ལ་འཚོ་བའི་ཡོང་ཁུངས་ཅི་ཡང་མེད་པར་མ་ཟད་བུ་ཡིས་བྱིན་པའི་འཚོ་བའི་གྲོན་དངུལ་གྱིས་རྒྱུན་ལྡན་གྱི་འཚོ་བའི་མཁོ་ཆས་ཉོ་སྤྱད་ཀྱང་མི་འདང་བས། བུ་མོར་ཟླ་རེར་འོས་འཚམ་གྱི་སྙོར་སྐྱོང་གྲོན་དངུལ་སྟེར་དགོས་པའི་རེ་བ་བཏོན་པ་ན། བུ་མོས་རང་ཉིད་གནས་ལ་འགྲོ་དུས་ཕ་མ་གཉིས་ཀྱི་ཤུལ་ནོར་རྒྱུན་འཛིན་མི་བྱེད་པའི་སྐད་ཆ་གསལ་པོ་བཤད་ཟིན་པས། སྙོར་སྐྱོང་གི་འོས་འགན་མེད་པར་འདོད་དེ་སྙོར་སྐྱོང་གྲོན་དངུལ་སྟེར་རྒྱུ་ཁས་མ་བླངས། འདིར་འདྲི་རྒྱུ་ཞིག་ཡོད་པ་ནི་གནས་ལ་སོང་བའི་བུ་མོས་རྒྱུ་ནོར་ཤུལ་འཛིན་བྱེད་དབང་དོར་ན་ཕ་མ་གཉིས་ལ་སྙོར་སྐྱོང་གྲོན་དངུལ་སྟེར་དགོས་སམ།
ཞེས་ཀློག་པ་པོ་བསམ་འགྲུབ་ཀྱིས།
བློ་མཐུན་བསམ་འགྲུབ་ལགས།
ཕ་མར་སྙོར་སྐྱོང་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཞིག་ཡིན་ལ། ཕ་མར་སྙོར་སྐྱོང་བྱེད་པ་ནི་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་ཡོད་པའི་འོས་འགན་ཞིག་ཀྱང་རེད། རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན26པའི་ནང་ཚན2པའི་ནང་དུ། “ནར་སོན་པའི་བུ་ཕྲུག་ལ་ཕ་མར་སྙོར་སྐྱོང་དང་རོགས་སྐྱོར།སྲུང་སྐྱོང་བཅས་བྱེད་པའི་འོས་འགན་ཡོད”པ་གཏན་འབེབས་བྱས་ཡོད། ནར་སོན་པའི་བུ་དང་བུ་མོས་ངལ་རྩོལ་བྱེད་ནུས་མེད་པའམ་འཚོ་བར་དཀའ་ཁག་ཡོད་པའི་ཕ་མའི་འཚོ་བར་ལྟ་སྐྱོང་དང་དཔལ་འབྱོར་སྟེང་རོགས་འདེགས་གང་ལེགས་བྱ་དགོས་ཤིང་། བསམ་བློའི་སྟེང་སེམས་ཁུར་དང་འཚམས་འདྲི་བྱ་དགོས། བུ་དང་བུ་མོ་གང་ཡིན་རུང་ཕ་མར་སྙོར་སྐྱོང་བྱེད་པའི་འོས་འགན་ཡོད་ལ། གནས་ལ་སོང་བའི་བུ་མོ་ཡང་དེ་བཞིན་ནོ། ། རང་རྒྱལ་གྱི《རྒན་པོའི་ཁེ་ཕན་སྲུང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན19པའི་ནང་དུ། “སྙོར་སྐྱོང་མཁན་གྱིས་ཤུལ་འཛིན་བྱེད་དབང་དོར་བའམ་ཁ་གཡར་ས་གཞན་པ་བཙལ་ཏེ་སྙོར་སྐྱོང་འོས་འགན་མ་ཁུར་ན་མི་ཆོག”པ་གཏན་འབེབས་བྱས་ཡོད། བུ་དང་བུ་མོས་རང་འགུལ་གྱིས་ཤུལ་འཛིན་བྱེད་དབང་དོར་ཡང་ཕ་མར་སྙོར་སྐྱོང་བྱེད་པའི་འོས་འགན་འཁུར་དགོས། དེ་མིན་ཕ་མས་རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1067པའི་ནང་ཚན2པའི་གཏན་འཁེལ་དང《རྒན་པོའི་ཁེ་ཕན་སྲུང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན19པའི་ནང་ཚན2པའི་གཏན་འབེབས་གཞིར་བཟུང་སྟེ། ནར་སོན་པའི་བུ་དང་བུ་མོར་ཕ་མས་སྙོར་སྐྱོང་འོས་འགན་འཁུར་དགོས་པ་དང་སྙོར་སྐྱོང་གྲོན་དངུལ་སྟེར་དགོས་པའི་རེ་བ་བཏོན་ཆོག
གོང་གི་གྱོད་དོན་འདིའི་ཁྲོད་དུ། ས་གནས་ཡུལ་སྲོལ་གོམས་གཤིས་ཀྱི་དབང་གིས་གནས་ལ་སོང་བའི་བུ་མོས་ཕ་མའི་རྒྱུ་ནོར་ཤུལ་འཛིན་མ་བྱས་པར་ཁ་གཡར་ཏེ་སྙོར་སྐྱོང་འོས་འགན་མི་འཁུར་བ་དེ་ནི་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འགལ་ཡོད། བུ་མོ་གནས་ལ་སོང་མ་སོང་གང་ཡིན་རུང་ཕ་མའི་རྒྱུ་ནོར་ཤུལ་འཛིན་བྱེད་དབང་ཡོད་པ་དང་། བུ་མོས་རྒྱུ་ནོར་ཤུལ་འཛིན་བྱེད་དབང་དོར་ནའང་སྙོར་སྐྱོང་འོས་འགན་འཁུར་དགོས། དེ་བས་ཁྱེད་ཀྱི་བུ་མོས་རྒྱུ་ནོར་ཤུལ་འཛིན་མ་བྱས་པར་ཁ་གཡར་ཏེ་སྙོར་སྐྱོང་འོས་འགན་མི་ཁུར་བ་ནི་ཁྲིམས་དང་མི་མཐུན་པས། ཁྱེད་བཟའ་ཟླ་གཉིས་ཀྱིས་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་དོན་དེ་འདུམ་འགྲིག་བྱེད་དུ་བཅུག་ཆོག་ལ། མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཀྱང་ཆོག །