བྱ་བ་སོགས་ཀྱི་དབང་གིས་དུས་ཡུན་རིང་པོར་གཉིད་ཆག་པའི་མི་ལ་པེ་ཅིན་སློབ་ཆེན་སྨན་ཁང་གསུམ་པའི་གསོ་རིག་ཚན་ཁག་གི་སྨན་པ་འབུམ་རམས་པ་ཞིག་གིས་གྲོས་གཞི་འདི་དག་བཏོན་ཡོད།
གཅིག གཉིད་ཆག་པར་ཆོས་ཉིད་ཡོད་དགོས།
གཉིད་ཆག་པ་དང་ཡར་ལངས་པ། ཉིན་མོར་གཉིད་འདང་བ་བཅས་ལ་ཆོས་ཉིད་ལྡན་དགོས་པར་མ་ཟད། གཟའ་མཇུག་ལ་ཡང་གོམས་གཤིས་འདི་རྒྱུན་འཁྱོངས་བྱ་དགོས། གཉིད་ཆག་དུས་གློག་བཀར་བ་དང་། ཉིན་མོར་གཉིད་དུས་དྲ་ཡོལ་དམ་པོར་འཐེན་ན། ཉིན་མཚན་གྱི་གོམས་འགྲོས་མགྱོགས་མོའི་ངང་བསྐྱར་སྒྲིག་བྱེད་པ་དང་། སྐྱེ་དངོས་ཆུ་ཚོད་གསར་བཟོ་བྱ་རྒྱུར་ཕན་ཐོགས་ཡོད་པས། རྙོག་འཛིང་གི་ངལ་གསོ་ལས་བཟང་།
གཉིས། གཉིད་ཆག་ཚེ་མཚན་ཟས་མ་ཟོས་ན་བཟང་།
ཉིན་མཚན་གྱི་གོམས་འགྲོས་དང་འགལ་ནས་ཟ་མ་ཟོས་ན། མངར་བཟོད་ཚད་ལ་གནོད་པ་དང་། གཤེར་མའི་ཕུང་རྩི་ཡི་ཚོར་སྐྱེན་རང་བཞིན་ཇེ་དམའ་རུ་གཏོང་བ། གཅིན་སྙི་ཟ་ཁུའི་ནད་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་ལ། ཚོ་ཡང་འབུད་སླ་བ་རེད། མཚན་མོར་གཉིད་ཆག་ནས་ལྟོགས་དྲགས་ན། མངར་ཆ་འདུས་པའི་བཏུང་བ་དང་ཚ་ཚད་མཐོ་བའི་སྣུམ་བཙོས་ཟས་རིགས་ལ་གཡོལ་དགོས་ཤིང་། མ་རྨོས་ལོ་ཏོག་དང་ཤིང་ཏོག འོ་མ། སྒོ་ང་། གྲོ་ཕྱེ་བག་ལེབ་སོགས་ཟོས་ཏེ། བཟའ་བཅའི་ཚི་སྣ་དང་སྤུས་ལེགས་སྤྲི་དཀར་ཁ་གསབ་བྱ་དགོས། དེ་ལྟར་བྱས་ན་ཚ་ཚད་དམའ་བས་རྙིང་ཚབ་གསར་བྱེད་ལ་ཐེབས་པའི་ཤུགས་རྐྱེན་ཆུང་།
གསུམ། ཙོག་ཡུན་ཇེ་ཐུང་དུ་གཏོང་དགོས།
གཉིད་ཆག་སྟེ་ལས་ཀ་བྱེད་སྐབས་ཙོག་པུར་བསྡད་དེ་ཆུ་ཚོད2ནས3ཙམ་འགོར་རྗེས། ཡར་ལངས་ནས་སྐར་མ10ཡས་མས་ལ་འགུལ་སྐྱོད་བྱས་ཏེ། རྐང་པའི་ཁྲག་རྡོག་ཆགས་ཚད་ཇེ་ཉུང་དུ་གཏོང་དགོས།
བཞི། དུས་ཐོག་ཏུ་གཉིད་ཁ་གསབ་བྱ་དགོས།
གཉིད་ཁ་གསབ་བྱེད་པའི་དུས་ཚོད་མང་པོ་མེད་ན། གུང་གཉིད་བཀོད་སྒྲིག་བྱ་དགོས་ཤིང་། དུས་ཚོད་གཞན་དག་ལ་ཁོམ་པ་ཡོད་ན་སྐར་མ་བཅུ་ཙམ་ལ་གཉིད་ནའང་ཕན་ཐོགས་ཡོད།
ལྔ། བཟའ་བཏུང་ལེགས་སྒྲིག་བྱ་དགོས།
གཉིད་མ་འདང་ན་སྐྱི་པགས་ཀྱི་བྱེད་ནུས་ལ་གནོད་པ་དང་སྐྱི་པགས་རྒས་འགྱུར་ཇེ་མགྱོགས་སུ་འགྲོ་བ་ཡིན། གཉིད་ཆག་རྗེས་དབྱང་འགྱུར་འགོག་རྫས་ཁ་གསབ་བྱ་དགོས་ཏེ། མདོག་ཟབ་པའི་སྔོ་ཚོད་དེ་དཔེར་ན་ཚོད་མ་སྨུག་ལོག་དང་། ཁུ་ལྡན་འབྲས་བུའི་རིགས་ཀྱི་ཤིང་ཏོག་དཔེར་ན་ལུམ་འབྲས་སྔོན་པོ་དང་འབྲི་ཏ་ས་འཛིན། དེ་བཞིན་སྟར་ཀ་དང་ཇ་ལྗང་སོགས་ཀྱི་འདུས་ཚད་ཕུན་སུམ་ཚོགས་པས། འོས་འཚམ་ངང་མང་ཙམ་ཟོས་ཆོག
དྲུག འོས་འཚམ་གྱིས་འགུལ་སྐྱོད་བྱ་དགོས།
ཉིན་མོར་གཉིད་ཁ་གསབ་བྱས་རྗེས་ལུས་སྟོབས་རྒྱས་པས། འགུལ་སྐྱོད་འོས་འཚམ་བྱས་ཏེ། གཉིད་ཆག་པ་ལས་བྱུང་བའི་སེམས་ངལ་དང་རིག་པ་སྒྲིམ་མི་ཐུབ་པ། དྲན་ཤེས་ཞན་པ་སོགས་ཀྱི་ངན་ཤུགས་ཇེ་ཆུང་དུ་གཏོང་དགོས།
བདུན། ཆུ་འདང་ངེས་འཐུང་དགོས།
གཉིད་ཆག་རྗེས་ཀྱི་ཉིན་གཉིས་པར་ཆུ་མང་ཙམ་འཐུང་ནས་ལུས་པོའི་རྙིང་ཚབ་གསར་བྱེད་རྒྱུན་འཁྱོངས་བྱ་དགོས། དཔེར་ན་ཇ་རྐྱང་དང་སྦྲང་རྩིའི་ཆུ། སིལ་དམར་ཆུ། སྲན་ལྗང་ཁུ་བ་སོགས་འཐུང་ཆོག དེ་ལྟར་བྱས་ན་གནོན་ཤུགས་ཇེ་ཆུང་དང་གཉིད་ཁུག་པར་ཕན་ཞིང་། ཕོ་བ་རྒྱགས་པའི་ཚོར་བ་ཆེས་ཆེར་སྐྱེད་ཐུབ།
དེ་ཡང་གཉིད་ཆག་ནས་ཚད་འདི་འདྲར་ཐོན་ཚེ། འཕྲལ་མར་ངལ་གསོ་བྱ་དགོས།
གཉིད་ཆག་པ་ལས་བྱུང་བའི་སྙིང་ཁུངས་རང་བཞིན་གྱི་འཕྲལ་ཤི་ནི་གློ་བུར་དུ་བྱུང་བ་ཞིག་མིན་པར། ལུས་པོར་སྔ་མོ་ནས་ཉེན་བརྡ་ཡོད་ནའང་རྒྱུན་པར་སྣང་མེད་དུ་བཞག་པ་ལས་བྱུང་བ་རེད། པེ་ཅིན་གསོ་རིག་སློབ་ཆེན་གྱི་ཆེད་མཁས་པས་གཉིད་ཆག་ན་ཐད་ཀར་འཕྲལ་ཤི་བྱེད་པའི་ངེས་པ་མེད་ཀྱང་། འཕྲལ་ཤི་བྱེད་པའི་ཉེན་ཁ་ཇེ་ཆེར་འགྲོ་བས། གཤམ་གསལ་གྱི་གནས་ཚུལ་འདི་འདྲ་བྱུང་ན། འཕྲལ་མར་ངལ་གསོ་བྱ་དགོས་པ་བརྗོད་ཡོད།
གཅིག བསྟུད་མར་ཉིན་གསུམ་གྱི་ཡན་ལ་ཉིན་རེའི་གཉིད་ཡུན་ཆུ་ཚོད་བཞི་ལས་མི་བརྒལ་བ།
འདི་ནི་སྙིང་གི་ལྡིང་ཚད་དེ་འགྲོས་མགྱོགས་རྣམ་པའི་ཐོག་ནས་ཆུ་ཚོད72ཙམ་ལ་འཁོར་སྐྱོད་བྱས་པ་དང་འདྲ་ཞིང་། སྙིང་ལྡིང་ཐེངས་རེ་ལ་སྙིང་ཤའི་ཕྲ་ཕུང་ལ་འཁུམ་འདུ་དང་རྐྱོང་འབྱེད་ཀྱི་བརྡར་ཟད་ཐེངས་རེ་བརྒྱུད་དགོས། རྒྱུན་ལྡན་གྱི་གཉིད་ལོག་པའི་སྐབས། སྙིང་ཤའི་ཕྲ་ཕུང40%སླར་གསོ་བྱེད་ཐུབ། འོན་ཀྱང་། གཉིད་མི་འདང་བའི་སྐབས་སུ་སླར་གསོ་བྱེད་ཚད་ཕལ་ཆེར་མཚམས་བཞག་ཡོད། ཞིབ་འཇུག་ལས་མངོན་པ་ལྟར་ན། སྐབས་འདིའི་སྙིང་ཤའི་དབྱང་རླུང་ཟད་ཚད་ལྡབ3ལ་འཕར་བ་དང་། ཁྲག་རྩ་འཁུམ་པའི་སྲིད་ཕྱོད་དུས་རྒྱུན་ལས་ལྡབ5ལ་འཕར་བ་རེད།
གཉིས། མཚན་མོའི་གཉིད་ཆག་ནས་ཆུ་ཚོད24འགོར་ནའང་གཉིད་ཁ་གསབ་མི་བྱེད་པ།
བདེ་ཐང་གི་མི་དར་མ་ཞིག་མཚན་གང་པོར་གཉིད་ཆག་རྗེས། ཁྲག་ཤེད་ཧའོ་སྨི་ཆུལ་ཀ15ནས20ཙམ་ལ་ཤུགས་དྲག་པོའི་ངང་འཕར་བ་དང་། ཁྲག་གི་ནུར་འབྱར་ཚད20%ཇེ་མཐོར་འགྲོ་བ་རེད། སྐབས་འདི་ལ། ཐ་ན་ཐོག་བརྩེགས་གཅིག་ལ་འགོས་ནའང་། སྙིང་གི་ཐེག་ཚད་ལས་བརྒལ་སྲིད།
གསུམ། ཡུན་རིང་པོར་ཉིན་རེའི་གཉིད་ཚད་ཆུ་ཚོད་དྲུག་ལས་མི་བརྒལ་བ།
གལ་ཏེ། ཡུན་རིང་པོར་དེ་ལྟར་བྱེད་པ་དང་། དེའི་ཐོག་ལ་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་སོགས་དལ་གཤིས་ནད་རིགས་ཡོད་ན། ཁྲག་རྩའི་ཁྲ་རྡོག་ཆགས་ཚད་ཇེ་མགྱོགས་སུ་འགྲོ་བ་ཡིན། ཚོ་ཆེ་བ་དང་ཐ་མག་འཐེན་པ། ཚྭ་དང་ཁ་ཚ་མང་བའི་ཟས་རིགས་སྤྱོད་པ་བཅས་ཡིན་ན། ཁྲ་རྡོག་སྔར་བས་ཉམས་ཞན་དུ་གྱུར་པ་དང་གས་ཏེ་ཁྲག་རྩ་འགག་སྲིད་པ་ཡིན།
བཞི། མཚན་མོར་གཉིད་ཆག་པར་མ་ཟད་ཉིན་མོར་གནོན་ཤུགས་ཆེ་བའི་ལས་ཀའམ་འགུལ་སྐྱོད་བྱེད་པ།
གཉིད་ཆག་རྗེས། ཚོར་འགྲིམས་དབང་རྩ་རབ་ཏུ་རྒྱས་ཡོད་པས། གལ་ཏེ་དེའི་ཐོག་ལ་ལས་ཀའི་གནོན་ཤུགས་དང་སེམས་ཤུགས་ཉམས་པ། འགུལ་སྐྱོད་དྲག་པོ་སོགས་ཀྱིས་ཕོག་ཐུག་བཏང་ན། ཀ་འདོར་མཁལ་སྟེང་གཤེར་རྨེན་རྒྱུ་གློ་བུར་དུ་འཕར་སྲིད་པ་ཡིན།
དྲན་སྐུལ་ཆུང་ཆུང་།
གལ་ཏེ་གཉིད་ཆག་རྗེས་ཐང་ཆད་ནས་མལ་ལས་ལངས་དཀའ་ཞིང་། ཆུ་ཚོད12ལ་ངལ་གསོ་བྱས་ཀྱང་ཇེ་བཟང་དུ་མི་འགྲོ་བ་དང་། བྲང་ཁར་ན་ཟུག་སྐྱེ་བར་མ་ཟད། ཕྲག་པ་གཡོན་པ་དང་མ་ནེ་ལ་ཁྱབ་པ། རྔུལ་ཆུ་འདོན་པ་དང་རྐང་ལག་འཁྱགས་པ། དེ་དང་མཉམ་དུ་སྐྱུག་མེར་ལངས་པ། གོམ་པ་འགའ་སྤོས་རྗེས་དབུགས་འཚང་བ་སོགས་བྱུང་ན། སྙིང་རྩ་འགག་པའི་སྔ་ལྟས་ཡིན་སྲིད་པས། འཕྲལ་དུ་ཙོག་པུར་བསྡད་ནས་ངལ་གསོ་བྱེད་པ་དང120ལ་ཁ་པར་གཏོང་དགོས་སོ། །