རྩ་ཁྲིམས་ནི་རང་རྒྱལ་གྱི་རྩ་བའི་ཁྲིམས་ཆེན་ཡིན་ཟེར་བའི་རྒྱུ་མཚན་ཅི།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

རྩ་ཁྲིམས་སུ་གཏན་ལ་ཕབ་པའི་ནང་དོན་ལ་རྩ་བའི་རང་བཞིན་ལྡན་ཞིང་། རྩ་ཁྲིམས་ནི་རྒྱལ་ཁབ་ཅིག་གི་རྩ་བའི་བཅའ་ཁྲིམས་ཡིན་པའི་ཆ་ནས་དེས་རྒྱལ་ཁབ་ཅིག་གི་རྩ་བའི་ལམ་ལུགས་དང་། རྒྱལ་ཁབ་ཀྱི་སྒྲིག་གཞི་དང་། སྲིད་དབང་གི་སྒྲིག་སྲོལ། སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་དང་འོས་འགན། རྒྱལ་ཁབ་ལས་ཁུངས་སོ་སོའི་བར་གྱི་དབང་ཆ་ལས་བགོས་དང་ཚོད་འཛིན་གྱི་འབྲེལ་བ།  རྒྱལ་ཁབ་ཀྱི་རྒྱལ་དར་དང་།  རྒྱལ་གླུ། རྒྱལ་རྟགས།  རྒྱལ་ས་སོགས་རྒྱལ་ཁབ་ཀྱི་ཆེས་རྩ་བ་དང་ཆེས་གཙོ་བོའི་གནད་དོན་གཏན་འཁེལ་བྱས་ཡོད།

རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་སྤྱིའི་སྒྲིག་ཡིག་དང་རྒྱལ་ཁབ་བཅའ་ཁྲིམས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། བཅའ་ཁྲིམས་དང་ཁྲིམས་སྲོལ་གཏན་འཁེལ་བྱེད་སྐབས་རྩ་ཁྲིམས་ཀྱིས་གཞི་འཛིན་བྱེད་པ་ལས་རྩ་ཁྲིམས་དང་རྒྱབ་འགལ་བྱེད་མི་རུང་།  གལ་ཏེ་བཅའ་ཁྲིམས་དང་ཁྲིམས་སྲོལ་གང་ཞིག་རྩ་ཁྲིམས་ལས་འགལ་ཚེ་དེ་ནུས་ལྡན་མིན།

རྩ་ཁྲིམས་ནི་རང་རྒྱལ་གྱི་རྩ་བའི་ཁྲིམས་ཆེན་ཡིན་པས། རྩ་ཁྲིམས་ཀྱི་དབང་གྲགས་རང་བཞིན་དང་བརྟན་བརླིང་རང་བཞིན་རྒྱུན་སྐྱོང་ཆེད།  རྩ་ཁྲིམས་བཟོ་བཅོས་བྱེད་པར་དམིགས་བསལ་གྱི་གོ་རིམ་ལྟར་བགྲོད་དགོས་པ་དང་།  སྤྱིར་བཏང་གི་བཅའ་ཁྲིམས་བཟོ་བཅོས་རྒྱག་པ་ལས་ཧ་ཅང་གཟབ་ནན་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཆེས་མཐོ་ཤོས་ཡིན་པ་དང་།   རྩ་ཁྲིམས་བཟོ་བཅོས་ཀྱི་དབང་ཆ་ཡོད་པའི་ལས་ཁུངས་ཉག་ཅིག་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དོན་ཚན64པ་ལས། རྩ་ཁྲིམས་བཟོ་བཅོས་བྱེད་པར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་སྤྱིའི་ལྔ་ཆ་གཅིག་ཡན་གྱིས་གྲོས་གཞི་བཏོན་ཐོག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་འཐུས་མི་སྤྱིའི་གསུམ་ཆ་གཉིས་ཡན་གྱི་གྲོས་འཆམ་ཡང་འཐོབ་དགོས་ཞེས་བཀོད་ཡོད།

དེ་ནས་རྩ་ཁྲིམས་འགྲེལ་བཤད་ཀྱི་སྐོར་ལ། 《རྩ་ཁྲིམས》ཀྱི་དོན་ཚན67པའི་ཚན་པ1པོར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་འགྲེལ་བཤད་དང་རྩ་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་འགན་དབང་ལག་བསྟར་བྱ་དགོས་ཞེས་བཀོད་ཡོད་པས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནི་རང་རྒྱལ་གྱི་བཅའ་ཁྲིམས་སུ་གཏན་ལ་ཕབ་པའི་རྩ་ཁྲིམས་འགྲེལ་བཤད་བྱེད་དབང་ཡོད་པའི་ལས་ཁུངས་ཉག་ཅིག་ཡིན།   

མདོར་ན། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས། རྒྱལ་ཁབ་ཀྱི་འཕེལ་རྒྱས་ཁ་ཕྱོགས། སྤྱི་དམངས་ཀྱི་ཁེ་དབང་འོས་འགན་སོགས་མཚོན་པའི་རྒྱལ་ཁབ་ཀྱི་སྤྱིའི་སྒྲིག་ཡིག་དང་རྩ་བའི་བཅའ་ཁྲིམས་ཡིན་པར་མ་ཟད། རྩ་ཁྲིམས་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་བའི་ཁྲིམས་སྐྱོང་གི་འགན་སྲུང་ཡང་ཡིན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།