རང་རྒྱལ་གྱི་རྩ་ཁྲིམས་ལ་གཞི་རྩའི་རྩ་དོན་གང་དག་ཡོད།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

(1) ཏང་གི་མགོ་ཁྲིད་རྩ་དོན། 

ཀྲུང་གོའི་གུང་ཁྲན་ཏང་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་མགོ་ཁྲིད་སྲོག་ཤིང་ཡིན་པ་དང་།  ཏང་གི་མགོ་ཁྲིད་ནི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་རྩ་བའི་འགན་ལེན་ཡིན།  མ་འོངས་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་།  ངེས་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་།   མའོ་ཙེ་ཏུང་གི་དགོངས་པ།  ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།   མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན།  ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེནབསྐྱར་དར་མངོན་འགྱུར་བྱ་དགོས་པའི་ཁ་ཕྱོགས་མངོན་པར་གསལ་བ།  

(2) མི་དམངས་ཀྱི་བདག་དབང་གི་རྩ་དོན། 

མི་དམངས་ཀྱི་བདག་དབང་ཞེས་པ་ནི་རྒྱལ་ཁབ་ཀྱི་མི་མང་ཆེ་བར་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་དབང་ཆ་ཡོད་པ་ལ་ཟེར། རང་རྒྱལ་གྱི་རྩ་ཁྲིམས་ནང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་བ་ཡིན་ཞེས་གཏན་འཁེལ་བྱས་ཡོད།  མི་དམངས་ནི་རྒྱལ་ཁབ་ཀྱི་དབང་ཆའི་བདག་པོ་ཡིན་པ་དང་།  རྒྱལ་ཁབ་ཀྱི་ལས་ཁུངས་དང་རྒྱལ་ཁབ་ཀྱི་གཞུང་དོན་སྒྲུབ་མཁན་ནི་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་མཁན་ཡིན་པ་གསལ་པོར་མཚོན་ཡོད། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོ་དང་སྲོག་ཤིང་ཡིན།  

(3) འགྲོ་བ་མིའི་ཐོབ་ཐང་འགན་སྲུང་གི་རྩ་དོན། 

འགྲོ་བ་མིའི་ཐོབ་ཐང་ཞེས་པ་ནི་མིའི་ངོས་ནས་བརྗོད་ན་ལོངས་སྤྱོད་དང་ལོངས་སྤྱོད་བྱ་དགོས་པའི་གཞི་རྩའི་ཁེ་དབང་ལ་ཟེར། རྩ་ཁྲིམས་ཀྱི་དོན་ཚན24པར་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་ལ།  འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་བྱེད་པ་དུས་དེ་ནས་བཟུང་རྩ་ཁྲིམས་ཀྱི་རྩ་དོན་གསལ་པོ་ཞིག་ཏུ་གྱུར་ཡོད་པ་ཡིན་ཞེས་གཏན་ལ་ཕབ་ཡོད།   

རང་རྒྱལ་གྱི་རྩ་ཁྲིམས་ནང་གཏན་འཁེལ་བྱས་པའི་སྤྱི་དམངས་ཀྱི་གཞི་རྩའི་དབང་ཆ་ནི་སྤྱི་དམངས་ལ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བར་ཞུགས་པའི་དབང་ཆ་དང་།   རང་དབང་།  སྤྱི་དམངས་ཀྱི་མི་ལུས་རང་དབང་དང་དད་མོས་ཀྱི་རང་དབང་།   སྤྱི་ཚོགས་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ཐད་སྤྱི་དམངས་ཀྱི་དབང་ཆ་སོགས་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་གལ་ཆེ་ཤོས་དེ་ཡིན།  

(4) ཁྲིམས་སྐྱོང་གི་རྩ་དོན། 

ཁྲིམས་སྐྱོང་ཞེས་པ་ནི་བཅའ་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་དང་།   སྤྱི་ཚོགས་དོ་དམ། བྱ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་བྱེད་པ་ཞིག་ཡིན་ཞིང་།   མིས་བཅོས་སྐྱོང་བྱེད་པ་ཁས་མི་ལེན་པ་ཞིག་རེད། རྩ་དོན་དེའི་བསམ་བློའི་སྲོག་ཤིང་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ་ཡིན་ཞིང་།  བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དང་།  རྩ་འཛུགས་དང་མི་སྒེར་གང་རུང་ལ་བཅའ་ཁྲིམས་ཕུད་པའི་དམིགས་བསལ་དབང་ཆ་ཡོད་པར་ངོ་རྒོལ་བྱ་དགོས། རྩ་ཁྲིམས་ཀྱི་དོན་ཚན13པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་གཏན་ལ་ཕབ་ཡོད།   

(5) དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན། 

དམངས་གཙོ་གཅིག་སྡུད་ལམ་ལུགས་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཐུན་མོང་གི་བློ་གྲོས་གཅིག་ཏུ་བསྡུས་ནས་ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ་དང་དམངས་གཙོའི་ཇུས་ཐག་གཅོད་པའི་གཞི་རྩའི་རྩ་དོན་དང་ཐབས་ལམ་གཙོ་བོ་ཡིན། 

(6) དབང་ཆར་ཚོད་འཛིན་བྱེད་པའི་རྩ་དོན། 

དབང་ཆར་ཚོད་འཛིན་བྱེད་པའི་རྩ་དོན་ཞེས་པ་ནི་རྒྱལ་ཁབ་ཀྱི་དབང་ཆ་སོ་སོའི་བར་ཕན་ཚུན་ལྟ་སྐུལ་དང་ཚོད་འཛིན་བྱས་ནས་སྤྱི་དམངས་ཀྱི་དབང་ཆ་འགན་སྲུང་བྱེད་པའི་རྩ་དོན་ལ་ཟེར། སྤྱི་དམངས་ཀྱི་ཁེ་དབང་གིས་རྒྱལ་ཁབ་ཀྱི་དབང་ཆར་ཚོད་འཛིན་བྱེད་པ་དང་རྒྱལ་ཁབ་ཀྱི་དབང་ཆས་རྒྱལ་ཁབ་ཀྱི་དབང་ཆར་ཚོད་འཛིན་བྱེད་པ་ཡིན།   

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།