འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཞིབ་འཇུག་ལས་མངོན་པ་ལྟར་ན། འཚོ་བ་རོལ་སྟངས་ཀྱིས་མི་རྣམས་ཀྱི་བདེ་ཐང་དང་ཚེ་ཐག་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཤིང་། དེས་ཕལ་ཆེར60%ཟིན་ཡོད། གཞན་དག་ནི་རྒྱུད་འཛིན་དང་སྤྱི་ཚོགས་ཀྱི་རྒྱུ་རྐྱེན། སྨན་བཅོས་ཀྱི་ཆ་རྐྱེན། ནམ་ཟླའི་ཤུགས་རྐྱེན་བཅས་ལས་བྱུང་བ་རེད། དེ་བས་བདེ་ཐང་དང་ཚེ་ཐག་རིང་དགོས་ན། འཚོ་བ་རོལ་སྟངས་ལ་འབྲེལ་བ་ཆེན་པོ་ཡོད་པས། དུས་རྒྱུན་ཞོགས་པར་ཡར་ལངས་དུས་ཀྱི་མི་རུང་བ་གསུམ་དང་ཟ་མ་ཟོས་རྗེས་ཀྱི་མི་རུང་བ་གསུམ། གཉིད་པའི་སྔོན་གྱི་མི་འོས་པ་གསུམ་ལ་མཉམ་འཇོག་དགོས།
དང་པོ། ཞོགས་པར་ཡར་ལངས་དུས་ཀྱི་མི་རུང་བ་གསུམ།
གཅིག བྲེལ་འཚུབ་ཀྱིས་ཡར་ལངས་མི་རུང་། ཞོགས་པ་གཉིད་ལས་སད་རྗེས་མྱུར་དུ་ཡར་ལངས་མི་རུང་། ལྷག་པར་རྒན་རྒོན་གྱི་སྒལ་ཚིགས་ཅུང་ལྷོད་ཡོད་པས། གློ་བུར་དུ་ཡར་ལངས་ན། རྐེད་པ་དང་རྒྱབ་ཕྱོགས་ལ་རྨས་སྐྱོན་འབྱུང་སླ་བར་མ་ཟད། ད་དུང་དབང་རྩའི་མ་ལག་ལ་ཤུགས་རྐྱེན་ཐེབས་སྲིད། དེར་བརྟེན། སྔོན་ལ་ཉལ་ཁྲིའི་སྟེང་ནས་སྐར་མ་ལྔ་ཙམ་ལ་ཉལ་བ་དང་། དེ་ནས་རྐེད་པ་རྐྱོང་བ་དང་རྐང་ལག་གི་ཚིགས་རྐྱོང་བ་སོགས་བྱས་རྗེས། རིམ་བཞིན་དལ་མོར་ཙོག་དགོས།
གཉིས། ཞོགས་ཟས་མི་བཟའ་བར་འདུག་མི་རུང་། པེ་ཅིན་སློབ་ཆེན་སྨན་ཁང་དང་པོའི་སྙིང་ནད་ཚན་ཁག་གི་ཆེད་མཁས་པས་ཞོགས་ཟས་དང་སྔར་ཉིན་གྱི་དགོང་ཟས་བར་ཆུ་ཚོད་བཅུ་ཡས་མས་ཡོད་པས། མིའི་ལུས་ཕུང་ལ་ནུས་ཚད་དེ་བས་མང་པོ་ཁ་གསབ་བྱ་དགོས་པ་གསལ་འདེབས་བྱས་ཡོད། གལ་ཏེ་ཁོག་སྟོང་དུ་འདུག་ཡུན་རིང་ན། ཞོགས་པའི་དུས་ཀྱི་ཁྲག་ཤེད་ཇེ་མཐོར་འགྲོ་བ་དང་། ཡུན་རིང་ལ་ཞོགས་ཟས་མ་ཟོས་ན། འབྲེལ་ཡོད་སྐུལ་རྩི་འཁྲུག་སྲིད།
གསུམ། ཞོགས་པར་སྦྱོང་བརྡར་བྱེད་མི་རུང་། སྦྱོང་བརྡར་སྔ་དྲགས་ན་ནད་རིགས་བསླང་སྲིད་དེ། ལྷག་པར་དྲོད་ཁྱད་ཆེ་བའི་སྟོན་ཁ་དང་དགུན་ཁར་ཉི་མ་ཤར་ནས་ཆུ་ཚོད་གཅིག་འགོར་རྗེས། ཕྱི་རོལ་དུ་ལུས་སྦྱོང་ལ་སོང་ན་རན་པ་ཡིན། སྔ་དྲོའི་ཆུ་ཚོད་བརྒྱད་དང་དགུ་ཡི་རྗེས་སམ་ཕྱི་དྲོའི་ཆུ་ཚོད་བཞི་དང་ལྔ་སྟེ་ཉི་མ་མ་ནུབ་པའི་སྔོན་ལ་ཕྱི་རོལ་དུ་ཆུ་ཚོད་ཕྱེད་ཀ་ནས་གཅིག་བར་འགུལ་སྐྱོད་བྱ་དགོས།
གཉིས་པ། ཟ་མ་ཟོས་རྗེས་ཀྱི་མི་རུང་བ་གསུམ།
གཅིག ཟ་མ་ཟོས་མ་ཐག་འཆམ་འཆམ་དུ་འགྲོ་མི་རུང་། རྒན་རྒོན་ཚོས་ཟ་མ་ཟོས་རྗེས་ཁྲག་ཤེད་ཇེ་དམའ་རུ་འགྱུར་ཚད་ཧ་ཅང་མཐོ་བ་དང་། ལྷག་པར་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟ་ཁུའི་ནད། ཕ་ཅིན་སིན་ནད། སྙིང་ཁམས་ཁྲག་རྩའི་ནད་སོགས་ནི་རང་བདག་དབང་རྩའི་ནུས་པར་གནོད་སྐྱོན་ཕོག་པའི་རྒན་རྒོན་ལ་དེ་བས་འབྱུང་སླ་བས། ཟ་མ་ཟོས་རྗེས་བྲེལ་འཚུབ་ངང་འགུལ་སྐྱོད་དྲག་པོ་བྱེད་མི་རུང་།
གཉིས། ཟ་མ་ཟོས་མ་ཐག་གཉིད་མི་རུང་། ཟ་མ་ཟོས་མ་ཐག་གཉིད་པ་ནི་རྒྱུན་ལྡན་གྱི་སྐྱེ་ལུགས་སྣང་ཚུལ་ཞིག་ཡིན་མོད། འོན་ཀྱང་ཟ་མ་ཟོས་མ་ཐག་མྱུར་དུ་གཉིད་ན་ཕོ་བ་དང་རྒྱུ་མའི་ནུར་འགུལ་ཇེ་དལ་དུ་ཕྱིན་ནས་ཟས་རིགས་གང་ལེགས་སྒོས་འཇུ་མི་ཐུབ། ལྷག་པར་སྐྱུར་ལྡོག་པའི་གནས་ཚུལ་ཚབས་ཆེ་བའི་ཕོ་བ་དང་མིད་པའི་ལྡོག་རྒྱུག་ནད་པ་ཟ་མ་ཟོས་རྗེས་ཆུ་ཚོད་གཉིས་ཀྱི་ནང་ལ་འཕྲལ་མར་ཉལ་མི་རུང་།
གསུམ། ཟ་མ་ཟོས་མ་ཐག་ཇ་འཐུང་མི་རུང་། ཟ་མ་ཟོས་རྗེས་མྱུར་དུ་ཇ་འཐུང་བ་ནི་གོམས་གཤིས་ཡག་པོ་ཞིག་མིན། ཇའི་ནང་གི་ནག་སྐྱུར་ཕོ་རྒྱུ་ནང་དུ་སོང་རྗེས། ཕོ་བའི་གཤེར་ཁུ་དང་རྒྱུ་མའི་གཤེར་ཁུ་ཟགས་ཐོན་ལ་ཚོད་འཛིན་བྱེད་པ་དང་། ཕོ་རྒྱུ་མི་བཟང་བའི་མིའི་ངོས་ནས་བཤད་ན། འཇུ་ནུས་མི་ལེགས་པ་འབྱུང་སྲིད། རབ་ཡིན་ན་ཟ་མ་ཟོས་རྗེས་ཀྱི་ཆུ་ཚོད་གཅིག་གི་རྗེས་ལ་ཇ་འཐུང་ན་འོས་འཚམ་ཡིན།
གསུམ་པ། གཉིད་པའི་སྔོན་གྱི་མི་འོས་པ་གསུམ།
གཅིག ཟ་མ་མང་པོ་ཟ་མི་འོས། སྤྱིར་བཏང་དུ་མི་མང་ཤོས་ཆུ་ཚོད23:00གྱི་སྔོན་ལ་གཉིད་པ་ཡིན། ཀྲུང་ལུགས་གསོ་རིག་གིས“ཕོ་བ་འཁྲུགས་ན་གཉིད་མི་ལེགས”པར་འདོད། ཆེད་མཁས་པས་བཤད་པ་ལྟར་ན། ཟ་མ་ཟ་བའི་དུས་ཚོད་ལེགས་ཤོས་ནི་ཆུ་ཚོད20:00ཡི་སྔོན་ཡིན་དགོས། ཅིའི་ཕྱིར་ཞེ་ན། ཟ་མ་ཟོས་རྗེས་མྱུར་དུ་གཉིད་ན། རྒྱུ་མ་དང་ཕོ་བའི་ནུར་འགུལ་ཇེ་དམའ་རུ་འགྲོ་བ་དང་། ཟ་མ་ཟ་རྒྱུ་མང་དྲགས་ན། གཉིད་མི་བདེ་བའི་གནས་ཚུལ་འབྱུང་སྲིད།
གཉིས། འགུལ་སྐྱོད་དྲག་པོ་བྱ་མི་འོས། འགུལ་སྐྱོད་བྱས་རྗེས་མིའི་ཀླད་པའི་པགས་རིམ་ཧ་ཅང་དགའ་སྤྲོའི་རྣམ་པར་གནས་ཡོད། དགའ་སྤྲོ་དེའི་རིགས་སྤྱིར་བཏང་དུ་དུས་ཡུན་ངེས་ཅན་ཞིག་འགོར་ན་ད་གཟོད་རིམ་བཞིན་འཇགས་པ་ཡིན་པས། དུས་ཡུན་ཐུང་ངུའི་ནང་གཉིད་པར་ཅུང་དཀའ་ངལ་ཡོད། གཉིད་པའི་སྔོན་གྱི་ཆུ་ཚོད་གཉིས་ཀྱི་ནང་དུ་རབ་ཡིན་ན་སྦྱོང་བརྡར་བྱ་མི་འོས། ཆ་རྐྱེན་ཡོད་མཁན་གྱིས་ཆེས་བཟང་ན་ཉིན་མོར་སྦྱོང་བརྡར་བྱེད་དགོས།
གསུམ། ལག་ཁྱེར་ཁ་པར་ལ་བལྟ་མི་འོས། ཉལ་ཁྲིའི་སྟེང་ནས་ཆུ་ཚོད1ཙམ་ལ་ལག་ཁྱེར་ཁ་པར་སྤྱད་ཚེ། དེ་ལས་འཕྲོས་པའི་འོད་སྔོན་གྱིས་མིའི་ནག་སེལ་སྐུལ་རྩིའི་བསྡོམས་འབོར་ཧ་ལམ22%ཇེ་ཉུང་དུ་གཏོང་བ་དང་། དེའི་ཐད་ཀའི་ཤུགས་རྐྱེན་ནི་མཚན་གང་པོར་གཉིད་མི་ཡོང་བ་དེ་རེད། མཚན་མོར་ལག་ཁྱེར་ཁ་པར་སྤྱོད་སྐབས། གསལ་ཚད་ཇེ་དམའ་རུ་གཏོང་གང་ཐུབ་བྱ་དགོས་པར་མ་ཟད། ལག་ཁྱེར་ཁ་པར་སྤྱོད་པའི་དུས་ཡུན་ལའང་ཚོད་འཛིན་བྱ་དགོས། རབ་ཡིན་ན་སྐར་མ45ལས་བརྒལ་མི་རུང་ངོ