ལས་བཟོ་པར་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་བྱ་བ་བསྒྲུབ་མ་ཐུབ་ན་བཟོ་གྲྭས་ཕྱིར་ཕུད་བཏང་ཆོག་གམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

བློ་མཐུན་རྩོམ་སྒྲིག་པ་ལགས།

ང་ནི་བཟོ་གྲྭ་ཞིག་གི་ལས་བཟོ་པ་རྒན་པ་ཞིག་ཡིན་ལ་དེ་རུ་བྱ་བ་བསྒྲུབས་ནས་ལོ་བཅུ་ཁ་ལྷག་འགོར་ཡོད་ཅིང་། དེའི་རིང་བྱ་བར་ནན་ཏན་དང་ཧུར་བརྩོན་བྱས་པས་བཟོ་གྲྭས་ང་ཐེངས་གང་མང་ལ་སྔོན་ཐོན་ལས་བཟོ་པར་བདམས་མྱོང་། གཟའ་འཁོར་སྔོན་མའི་ཉིན་ཞིག་གི་ནངས་མོར་གློ་བུར་དུ་ཆར་བ་དྲག་པོ་བབས་པས་ངས་ལས་ཚོགས་ཀྱི་རྗེས་སུ་ལུས་འགྲོ་བར་བསམས་ཏེ། རྒྱུན་ལྡན་དང་བསྡུར་ན་ཆུ་ཚོད་གཅིག་གི་སྔོན་ལ་ཁྱིམ་ནས་སྒོར་བུད་དེ་ལས་ཚོགས་སུ་འགྲོ་བའི་ལམ་བར་དུ། མདུན་ནས་གློ་བུར་དུ་གློག་སྒུལ་རླངས་འཁོར་ཞིག་རྒྱུག་འོངས་ནས་ང་ལ་བརྡུངས་ཏེ་བརྒྱལ་བར་བྱས། སྨན་ཁང་གིས་བརྟག་དཔྱད་བྱས་པ་བརྒྱུད་ངའི་ཀླད་པར་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པས་དུས་ཡུན་རིང་པོར་སྨན་བཅོས་བྱ་དགོས་ཤིང་། ཕྱིས་སུ་རྨས་སྐྱོན་སངས་དྲག་ཏུ་སོང་ནའང་སྔོན་ལྟར་བཟོ་གྲྭའི་ལས་རྐང་གི་བྱ་བ་བསྒྲུབས་ཀྱང་ལས་ཆོད་བཟང་པོ་མི་ཐོན་པར་བཤད། དེ་བས་བཟོ་གྲྭའི་མགོ་ཁྲིད་ཀྱིས་ངའི་འགྲིམ་འགྲུལ་དོན་རྐྱེན་འདིས་རང་ཉིད་ལ་རྨས་སྐྱོན་བཟོས་པ་ཙམ་མིན་པར་བཟོ་གྲྭར་གྱོང་གུད་མི་དམན་པ་བཟོས་པར་སྙམ་སྟེ། ང་རང་བཟོ་གྲྭ་ནས་ཕྱིར་འཕུད་རྩིས་བྱས། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ལས་བཟོ་པ་ལས་ཚོགས་སུ་འགྲོ་སྐབས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་རྒྱུན་ལྡན་ལྟར་བྱ་བ་བསྒྲུབ་མ་ཐུབ་ན། བཟོ་གྲྭས་ལས་བཟོ་པ་ཕྱིར་ཕུད་བཏང་ཆོག་གམ།

ཞེས་བློ་བརྟན་གྱིས།

བློ་མཐུན་བློ་བརྟན་ལགས།

ཁྱོད་ལས་ཚོགས་སུ་འགྲོ་བའི་ལམ་བར་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་ཀླད་པར་རྨས་སྐྱོན་ཕོག་པ་ནི། རང་རྒྱལ་གྱི་ལས་རྨས་ཉེན་སྲུང་སྲོལ་ཡིག་གི་དོན་ཚན14པའི་གཏན་འཁེལ་ལྟར་ན། “ལས་བཟོ་པ་ལས་ཚོགས་ལ་འགྲོ་འོང་བྱེད་པའི་ལམ་བར་དུ་རང་ཉིད་ཀྱི་འགན་འཁྲི་གཙོ་བོ་མིན་པའི་འགྲིམ་འགྲུལ་དོན་རྐྱེན་ནམ་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་དང་འགྲུལ་སྐྱེལ་གྲུ་གཟེངས། མེ་འཁོར་བཅས་ཀྱི་དོན་རྐྱེན་ལས་རྨས་སྐྱོན་ཕོག་ཚེ། ལས་རྨས་སུ་ངོས་འཛིན་བྱས་ནས་ཁྲིམས་ལྟར་ལས་རྨས་ཉེན་སྲུང་གི་ཐོབ་ཐང་ལོངས་སུ་སྤྱད་དགོས”ཞེས་བཀོད་ཡོད། ཁྱོད་ཀྱིས་དུས་ཡུན་ངེས་ཅན་ཞིག་ལ་སྨན་བཅོས་བྱས་རྗེས། སྔོན་ཆད་ཀྱི་ལས་ཀ་བསྒྲུབ་མི་ཐུབ་ནའང་བཟོ་གྲྭས་ཁྱོད་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་འགན་ཁུར་ཐུབ་པའི་ལས་ཀ་བཀོད་སྒྲིག་བྱེད་པ་ལས་སྟབས་བདེའི་སྒོ་ནས་ཕྱིར་ཕུད་བཏང་མི་ཆོག རང་རྒྱལ་གྱི་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་ཀྱི་དོན་ཚན42པ་དང་ངལ་རྩོལ་བཅའ་ཁྲིམས་ཀྱི་དོན་ཚན29པའི་གཏན་འཁེལ་ལྟར་ན། “ལས་ཁུངས་དེ་ག་རུ་ལས་རིགས་ཀྱི་ནད་ཕོག་པའམ་བྱ་བའི་དབང་གིས་རྨས་སྐྱོན་ཕོག་པར་མ་ཟད། ངལ་རྩོལ་ནུས་པ་ཤོར་པའམ་ཆ་ཤས་ཤོར་བའི་ངོས་འཛིན་བྱས་ཚེ། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ལས་བཟོ་པ་གང་དེའི་ངལ་རྩོལ་གན་རྒྱ་གྲོལ་མི་ཆོག”ཅེས་བཀོད་ཡོད། དེར་བརྟེན། བཟོ་གྲྭ་དེ་གས་ཐད་ཀར་ཁྱོད་ཕྱིར་ཕུད་བཏང་མི་ཆོག

འཚོ་བ་དངོས་ཀྱི་ལག་ལེན་ཁྲོད་དུ། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ལས་རིགས་ཀྱི་ནད་ཕོག་པའམ་བྱ་བའི་དབང་གིས་རྨས་སྐྱོན་ཕོག་པར་མ་ཟད། ངལ་རྩོལ་ནུས་པ་ཤོར་བ་གཏན་འཁེལ་བྱས་པའམ་ཆ་ཤས་ཤོར་བའི་ངལ་རྩོལ་པ་རྣམས་ལ། སྤྱིར་བཏང་དུ་ཅུང་ཡང་བའི་བྱ་བ་བཀོད་སྒྲིག་བྱ་དགོས་ཏེ། དཔེར་ན། སྒོ་སྲུང་དང་འཕྲིན་གཏོང་ཁང་སོགས་སུ་བཀོད་སྒྲིག་བྱེད་པ་ལྟ་བུའོ། །

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།