བྱ་སྤུའི་གྱོན་ཆས་ཉོ་བར་མཉམ་འཇོག་ས་གང་དག་ཡོད།

ཡོང་ཁུངས། མི་དམངས་དྲ་བ།

བྱ་སྤུའི་གྱོན་ཆས་ཇི་ལྟར་གྱོན་ན་དྲོ་བ་དང་། བྱ་སྤུའི་གྱོན་ཆས་ཉོ་བར་གཟབ་དགོས་ས་གང་དག་ཡོད་དམ། རྩོམ་འདི་བཀླགས་ནས་བརྒྱུད་སྐུར་དང་ཉར་ཚགས་བྱོས། 

བྱ་སྤུའི་གྱོན་ཆས་ཇི་ལྟར་གྱོན་ན་དྲོད་སྲུང་གི་ཕན་འབྲས་བཟང་ངམ།

གྱོན་ཆས་ཀྱི་རིམ་པ་བརྩེགས་ན་དེའི་བར་ལ་མཁའ་རླུང་ཡང་མང་དུ་འགྲོ་གི་ཡོད། མཁའ་རླུང་རིམ་པ་མཐུག་དྲགས་ཚེ། མཁའ་རླུང་རིམ་པ་ནང་ནས་ཕྱི་བར་དུ་ཅུང་མངོན་གསལ་གྱི་དྲོད་ཚད་ཁྱད་པར་འབྱུང་སྲིད། འདིས་མཁའ་རླུང་འཁོར་རྒྱུག་ལ་ཚ་བའི་གཏད་རྒྱུག་འབྱུང་སྲིད། ཚ་བའི་གཏད་རྒྱུག་བྱུང་ཚེ། ཚ་དྲོད་ཤོར་ཚད་དེ་ལས་ལྡོག་སྟེ་མགྱོགས་སུ་འགྲོ་སྲིད། དེར་བརྟེན། གྱོན་གོས་མང་ཙམ་གྱོན་ན་དེ་ཙམ་དྲོ་བའི་ངེས་པ་མེད། 

འོ་ན་ཇི་ལྟར་གྱོན་ན་ད་གཟོད་དགུན་ཁ་དྲོན་མོ་ཞིག་སྐྱེལ་ཐུབ་བམ། གྱོན་ཆས་གྱོན་པའི་ཆོས་ཉིད་འདི་བློ་ལ་བརྟན་པོར་ངེས་ན་བྱ་སྤུའི་གྱོན་ཆས་གྱོན་པར་འཚམ་པ་མ་ཟད། དྲོད་སྲུང་ཕྱི་གོས་གཞན་ལའང་འཚམ་པ་རེད།

ཕྱི་ལ་བྱ་སྤུའི་གྱོན་ཆས་དང་། སྲིང་བལ་གྱི་གྱོན་ཆས། བལ་གྱི་ལྭ་བ། རླུང་འགོག་ནུས་པ་ངེས་ཅན་ལྡན་པའི་གྱོན་ཆས་འདེམས་དགོས། གལ་ཏེ་རང་ངོས་ནས་མཁའ་རླུང་རིམ་པ་ཅུང་མཐུག་ཙམ་བཟོ་ཐུབ་ན་དེ་བས་ཡག་པ་ཡོད།

རིམ་པ་བར་མར་སོབ་སོབ་འཇམ་རིགས་ཀྱི་ལྭ་བ་དང་། བལ་གྱི་ལྭ་བ། བྱ་སྤུའི་ནང་ལྭ་སོགས་གྱོན་ནས་མཁའ་རླུང་རིམ་པ་བཟོ་དགོས། གལ་ཏེ་ཕྱི་ལྭ་མ་གཞི་ནས་མཐུག་པོ་ཡིན་ན་བར་ལྭ་དེ་མ་གྱོན་ན་ཆོག

ནང་རིམ་ལ་རྔུལ་འགོག་ལུས་འབྱར་གྱི་དྲོད་སྲུང་ནང་གོས་དང་། མྱུར་སྐམ་གྱོན་ཆས། ཡོ་གའི་གྱོན་ཆས་སོགས་གྱོན་པ་དང་། དེས་མགྱོགས་མྱུར་ངང་བརླན་པ་དང་དབུགས་རྒྱུ་བར་བྱས་ནས། མིའི་ལུས་པོའི་རྙིང་ཚབ་གསར་བརྗེ་ལས་བྱུང་བའི་བརླན་གཤེར་གྱོན་ཆས་ནང་དུ་མི་གསོག་པར་ཕྱི་ལྭ་སོབ་སོབ་ཡིན་ཚད་ལ་གནོད་པ་དང་དྲོད་སྲུང་ནུས་པར་ཤུགས་རྐྱེན་ཐེབས་མི་ཡོང་།

བྱ་སྤུའི་གྱོན་ཆས་ཇི་ལྟར་བདམས་ན་རིན་གོང་ཁེ་ལ་དྲོད་ཡང་ཆེ། 

དྲོད་སྲུང་ཚད་བཟང་ལ་སྤྱོད་ཆེ་བའི་བྱ་སྤུའི་གྱོན་ཆས་ཇི་ལྟར་འདེམས་དགོས། ཚད་གཞི་འདི་དང་དཔྱད་གྲངས་གསུམ་ངོས་འཛིན་བྱས་ན་འགྲིག 

“ཚད་གཞི་གཅིག་”ཅེས་པ་ནི་བྱ་སྤུའི་གྱོན་ཆས་ཚད་མཐུན་ལག་ཁྱེར་ཐོག་གི་ལག་བསྟར་ཚད་གཞི་དེ་རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་GB/T 14272-2021ཡིན་པ་ལ་ཟེར། 

“དཔྱད་གྲངས་གསུམ་”ནི་བྱ་སྤུ་འདུས་ཚད་དང་། བྱ་སྤུ་བླུགས་ཚད། སོབ་ཚད་བཅས་ཡིན།

བྱ་སྤུ་འདུས་ཚད།  

བྱ་སྤུ་ཡི་འདུས་ཚད་ཇི་ལྟར་མཐོ་ན་དེ་ལྟར་བཟང་སྟེ། ཆེས་མཐོ་ན་95%ཡིན། བྱ་སྤུ་ཡི་འདུས་ཚད་50%ལས་ཉུང་ན་བྱ་སྤུའི་གྱོན་ཆས་མི་ཟེར། བྱ་སྤུ་ཡིས་ཚ་ཚད་བརྒྱུད་འདྲེན་བཀག་འགོག་ནུས་ལྡན་བྱེད་ཐུབ་པས། ཕྱི་རོལ་གྱི་མཁའ་རླུང་གྲང་མོ་བཀག་འགོག་བྱེད་པའི་ཕན་འབྲས་ཐོན་ཐུབ། དེའི་འདུས་ཚད་ནི་བྱ་སྤུའི་སྤུས་ཚད་དང་རིན་གོང་ཐག་གཅོད་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཡིན། 

བྱ་སྤུ་བླུགས་ཚད།  

བྱ་སྤུ་བླུགས་ཚད་ལ་མཚོན་ན། ཁེ་གྲངས་ཇི་ཙམ་ཆེ་ན་དེ་ཙམ་གྱིས་དྲོད་འཛིན་ཐུབ།(འོན་ཀྱང་ཁེ་གྲངས་ཆེ་དྲགས་ན་ལྗིད་དྲགས་སྲིད་པས་གྱོན་ན་མི་བདེ།) 

སོབ་ཚད། 

སོབ་ཚད་650ཡན་ནི་ཅུང་ལེགས་པ་དང་། 800ལས་ཆེ་བ་ནི་སྤུས་ཚད་མཐོ་བའི་བྱ་སྤུ་ཡིན། མིག་སྔར་མཐོ་ཤོས་ནི་1000ཡིན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།