རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་ནི་ཅི་འདྲ་ཞིག་ཡིན།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

《རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འཁེལ》ནང་དམ་བཅའ་འཇོག་པའི་མཛད་སྒོ་དེ་གནས་ཚུལ་ལ་གཞིགས་ནས་ཁེར་རྐྱང་ཐོག་དམ་བཅའ་འཇོག་པའམ་ཐུན་མོང་སྒོས་དམ་བཅའ་འཇོག་པའི་རྣམ་པ་སྤྱད་ན་འགྲིག ཁེར་རྐྱང་དུ་དམ་བཅའ་འཇོག་སྐབས།དམ་བཅའ་འཇོག་མཁན་གྱིས་ལག་གཡོན་པས《རྩ་ཁྲིམས》དང་ལག་གཡས་པས་ཁུ་ཚུར་བཅངས་ནས་དམ་ཚིག་ཀློག་འདོན་བྱ་དགོས། ཐུན་མོང་སྒོས་དམ་བཅའ་འཇོག་སྐབས།མི་གཅིག་གིས་དམ་འཇོག་དང་ལེན་བྱས་ཏེ། དམ་བཅའ་འཇོག་མཁན་གྱི་ལག་གཡོན་པས《རྩ་ཁྲིམས》ལ་འཇུས་ནས།ལག་གཡས་པས་ཁུ་ཚུར་བཏེགས་ཏེ་དམ་ཚིག་ལ་ཉན་ཞིང་། དེ་མིན་དམ་བཅའ་འཇོག་མཁན་གྲལ་ལེགས་པོ་བསྒྲིགས་པ་དང་ལག་གཡས་པས་ཁུ་ཚུར་བཅངས་ནས་རྗེས་སུ་འབྲངས་ཏེ་དམ་ཚིག་འདོན་པ་ཡིན། དམ་བཅའ་འཇོག་ཡུལ་ནི་བབ་བརླིང་དང་གཟབ་ནན་ཡིན་དགོས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་རྟགས་འགེལ་དགོས། དམ་བཅའ་འཇོག་པའི་མཛད་སྒོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དཀྲོལ་དགོས། དམ་བཅའ་འཇོག་པའི་མཛད་སྒོ་སྒྲིག་འཛུགས་བྱེད་འགན་འཁུར་མཁན་ལས་ཁུངས་ཀྱིས་ཆོད་དོན་དེ་གཞིར་འཛིན་པ་དང་སྦྲགས་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་དམ་བཅའ་འཇོག་པའི་དོན་དག་ཞིབ་ཕྲ་གཏན་འཁེལ་བྱས་ཆོག

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།