བློ་མཐུན་རྩོམ་སྒྲིག་པ་ལགས།
ངས་ཁྱིམ་གཅིག་ལ་སྨོན་ལམ་བཏབ་ཅིང་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་པོ་མཉམ་ཁུར་གྱི་མནའ་ཚིག་བསྒགས་མྱོང་བའི་དགའ་རོགས་དང་གཉེན་སྒྲིག་རྩིས་བྱས་ཏེ། ཀུང་སི་ཞིག་ནས་རིན་གོང་ཤིན་ཏུ་སྟབས་བདེ་ཡིན་པའི་གཉེན་སྒྲིག་རླངས་འཁོར་ཞིག་གླས་པར་མ་ཟད་གླ་གཏོང་གན་རྒྱའང་བཞག ང་དང་ཀུང་སི་གཉིས་ཀྱིས་རླངས་འཁོར་བཀོལ་སྤྱོད་བྱེད་པའི་ཟླ་ཚེས་དང་གླ་ཡོན།གལ་ཏེ་ཕན་ཚུན་ཕྱོགས་སུའང་ཁ་ཆད་འདི་དང་འགལ་ཚེ་ཕ་རོལ་པོར་ཁ་ཆད་དང་འགལ་བའི་སྐྱིན་ཚབ་སྒོར་སྟོང2གཞལ་དགོས་པའི་ཁ་ཆད་བྱས། གཉེན་སྒྲིག་ཉིན་མོར་ཐོན་ལ་ཉེ་དུས། ངས་ཀུང་སི་དེ་གར་རླངས་འཁོར་གྱི་གནས་ཚུལ་དྲིས་པ་ན། ཀུང་སིས་རླངས་འཁོར་སྔ་མོ་ནས་གཞན་ལ་གཡར་ཟིན་ཟེར་བས་ང་འུ་ཐུག་ཐབས་ཟད་དེ་ཀུང་སི་གཞན་ཞིག་ནས་གཉེན་སྒྲིག་རླངས་འཁོར་གླས། ཕྱིས་སུ་ངས་ཀུང་སི་དེ་ག་བཙལ་ཏེ་ཁ་ཆད་དང་འགལ་བའི་སྐྱིན་ཚབ་སྒོར་སྟོང2གཞལ་དགོས་པའི་རེ་བ་བཏོན་པར་གཏན་ནས་དང་ལེན་མ་བྱས། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་གཉེན་སྟོན་ཀུང་སི་དེ་གས་ང་ལ་ཁ་ཆད་དང་འགལ་བའི་སྐྱིན་ཚབ་སྒོར་གཞལ་དགོས་སམ།
ཞེས་དབང་ཕྱུག་གིས།
བློ་མཐུན་དབང་ཕྱུག་ལགས།
ཀུང་སི་དེ་གས་ཁྱོད་ལ་ཁ་ཆད་དང་འགལ་བའི་གྱོང་གུད་བཟོས་པར་སྐྱིན་ཚབ་གཞལ་དགོས། ཐོག་མར་ཕྱོགས་གཉིས་ཀས་བཞག་པའི་གླ་གཏོང་གན་རྒྱ་དེ་ནི་ཁྲིམས་མཐུན་དང་ནུས་ལྡན་ཡིན་ཞིང་། གན་རྒྱའི་ཁ་ཆད་ལྟར་རང་ཉིད་ཀྱི་འོས་འགན་ལག་ཏུ་བསྟར་དགོས་པའི་ཁར་ཀུང་སི་དེ་གས་གླ་གཏོང་གན་རྒྱ་བཞག་རྗེས་ཁ་ཆད་ལྟར་འོས་འགན་ལག་བསྟར་མ་བྱས་པའི་བྱ་སྤྱོད་ནི་ཁ་ཆད་དང་འགལ་ཡོད། རང་རྒྱལ་གྱི་དམངས་དོན་ཁྲིམས་གཞུང་གི་དོན་ཚན578པའི་གཏན་འཁེལ་ལྟར་ན། “དོ་བདག་པ་ཕྱོགས་གཅིག་གིས་གན་རྒྱའི་འོས་འགན་ལག་བསྟར་མི་བྱེད་པའི་རྣམ་འགྱུར་གསལ་པོར་བསྟན་པའམ་རང་ཉིད་ཀྱི་བྱ་སྤྱོད་ཐོག་ནས་གསལ་བཤད་བྱས་རིགས། ཕ་རོལ་པོས་ལག་བསྟར་བྱེད་པའི་དུས་ཡུན་མ་ལོངས་གོང་ཁ་ཆད་དང་འགལ་བའི་འགན་འཁྲི་འཁུར་དགོས་པའི་རེ་བ་བཏོན་ཆོག”ཅེས་བཀོད་ཡོད། ཀུང་སི་དེ་གས་ཁྱོད་ལ་རླངས་འཁོར་མི་གཞན་ལ་གླས་ཟིན་ཟེར་བ་ཡིས་གན་རྒྱའི་འོས་འགན་ལག་བསྟར་མི་བྱེད་པའི་བསམ་ཚུལ་གསལ་པོར་བསྟན་ཡོད། དེར་བརྟེན་ཁྱོད་ཀྱིས་ཀུང་སི་དེ་གར་ཁ་ཆད་དང་འགལ་བའི་སྐྱིན་ཚབ་གཞལ་དགོས་པའི་རེ་བ་བཏོན་ཆོག ཕྱིས་སུ་ཀུང་སི་དེ་གས་རང་ཉིད་ཀྱི་འོས་འགན་ལག་བསྟར་མ་བྱས་པས་ཁྱོད་ཀྱིས་ཀུང་སི་གཞན་ནས་རླངས་འཁོར་གླ་རྒྱུ་ལས་ཐབས་གཞན་མེད་པར་གྱུར་སྟབས། ཀུང་སི་དེ་གས་ཁ་ཆད་དང་འགལ་བའི་བྱ་སྤྱོད་ཀྱིས་ཁྱོད་ལ་བཟོས་པའི་གྱོང་གུད་ལ་སྐྱིན་ཚབ་གཞལ་འགན་འཁུར་དགོས།
ཞེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།