མཆིན་སྐྲན་སྔོན་འགོག་བྱེད་ཐབས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

མཆིན་ནད་ཁ་པའི་ནད་དུག་ནི་མཆིན་པའི་འབྲས་སྐྲན་གྱི་འབྱུང་རྐྱེན་གཙོ་བོ་ཡིན་ལ། དེ་ལས་གཞན་མཆིན་ཚད་ག་པ་དང་ཆང་བཅུད་རང་བཞིན་གྱི་མཆིན་ཚད། མཆིན་པ་ཚིལ་འགྱུར་དང་རང་སྟེང་གི་རིམས་ཐར་རང་བཞིན་གྱི་མཆིན་ནད་བཅས་ཚང་མ་ནི་མཆིན་སྐྲན་འབྱུང་བའི་རྒྱུན་མཐོང་གི་རྒྱུ་རྐྱེན་རེད། དཔེར་ན་ཧམ་སྤུ་བརྒྱབ་པའི་མ་རྨོས་ལོ་ཏོག་དང་བ་དམ་སོགས་ཀྱིས་ཀྱང་མཆིན་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་གཏོང་སྲིད།

མཆིན་ཁུལ་གཟེར་བ་ནི་ནད་རྟགས་གསལ་བོ་ཞིག་མིན།

མཆིན་ཁུལ་གཟེར་བའི་ནད་གཞིའི་ཁྲོད་མཆིན་སྐྲན་གྱིས་ཉུང་ཤས་ཤིག་ལས་ཟིན་མེད་ལ། རྒྱུན་མཐོང་གི་མཆིན་ཁུལ་གཟེར་བའི་རྒྱུ་རྐྱེན་ནི་མཁྲིས་སྣོད་དང་མཁྲིས་སྦུག་གི་ནད་རིགས་ཏེ། དཔེར་ན་མཁྲིས་པའི་གཉན་ཚད་དང་མཁྲིས་རྡོ་སོགས་རེད། གཞན་ཡང་མཆིན་པ་ཚིལ་འགྱུར་དང་ཆང་བཅུད་རང་བཞིན་གྱི་མཆིན་ཚད། མཆིན་ནད་ཁ་པ་སོགས་དལ་གཤིས་མཆིན་ནད་ཕོག་མཁན་ལ་ཡང་མཆིན་ཁུལ་གཟེར་བའི་ནད་རྟགས་འབྱུང་སྲིད། དེའི་ཕྱིར། མཆིན་ཁུལ་གཟེར་བ་ཚང་མ་མཆིན་སྐྲན་ཡིན་པའི་ངེས་པ་མེད་ལ། གལ་ཏེ་དེ་འདྲའི་ནད་རྟགས་བྱུང་བ་དང་རྒྱུན་མི་ཆད་པར་ན་ཟུག་ལངས་ན། དུས་ཐོག་ཏུ་སྨན་བཅོས་བརྟག་དཔྱད་བྱས་ཏེ་ནད་རྐྱེན་གསལ་རྟོགས་བྱེད་དགོས།

མཆིན་པ་ཚིལ་འགྱུར་གྱི་ནད་ལ་སྣང་ཆུང་བྱ་མི་རུང་།

མཆིན་པ་ནི་མིའི་ལུས་ཀྱི“བཟོ་གྲྭ”ལྟ་བུ་རེད། ཟས་རིགས་ཁྲོད་ཀྱི་ཀན་སྣུམ་སན་ཀྲི་དང་མཁྲིས་རྒྱུ་གཤེར་རྩི་ནི་མཆིན་པའི་ནང་དུ་ཚིལ་སྤྲི་དཀར་དུ་ལས་སྣོན་བྱས་པ་དང་། མཆིན་པ་འདྲེས་གྲུབ་བྱས་པའི་ཚིལ་སྤྲི་དཀར་དེ་ལུས་ཡོངས་ཀྱི་ཕྲ་ཕུང་སོ་སོ་དང་དབང་པོའི་ཟད་གྲོན་དུ་བསྐྱལ་ནས་བཀོལ་བཞིན་ཡོད། སྔ་དུས་ཀྱི་མཆིན་པ་ཚིལ་འགྱུར་དུས་ཐོག་ཏུ་ཚོད་འཛིན་བྱེད་མ་ཐུབ་ཚེ། མཆིན་པའི་ཕྲ་ཕུང་ནང་དུ་ཚིལ་འདྲེས་གྲུབ་མང་དུ་སྤུངས་པས་མཆིན་ཚད་འབྱུང་ཞིང་། མཆིན་པའི་ཕྲ་ཕུང་ལ་གཏོར་བརླག་ཐེབས་ཏེ་ཚིལ་གཤིས་མཆིན་ཚད་འབྱུང་བ་རེད། ཚིལ་གཤིས་མཆིན་ཚད་དུས་ཡུན་རིང་ན་མཆིན་པ་སྲ་འགྱུར་འབྱུང་བ་དང་། དེའི་གོ་རིམ་ཁྲོད་དུ་མཆིན་པའི་ཕྲ་ཕུང་ལ་སྐྲན་ནད་བྱུང་ནས་མཐར་མཆིན་སྐྲན་འབྱུང་སྲིད།

དུས་བཅད་ལྟར་མཆིན་པར་ཞིབ་བཤེར་བྱེད་རྒྱུ་གལ་ཆེ།

དལ་གཤིས་མཆིན་ནད་དང་། ལྷག་པར་མཆིན་པ་སྲ་འགྱུར་གྱི་མི་ཚོགས་ནི་མཆིན་སྐྲན་གྱི་ཉེན་ཁ་ཆེ་བའི་མི་ཚོགས་རེད། ནད་པ་འདི་དག་ལ་མཚོན་ན་མཆིན་སྐྲན་འབྱུང་བ་སྔོན་འགོག་བྱེད་པར་ཐོག་མར་སྔར་ཡོད་མཆིན་པའི་ནད་རིགས་གསོ་བཅོས་བྱེད་དགོས། མཆིན་ནད་ཁ་པའི་ནད་པར་སྔ་མོ་ནས་ནད་དུག་འགོག་པའི་གསོ་བཅོས་བྱས་ཏེ། མྱུར་དུ་ནད་དུག་ཡོངས་སུ་འགོག་པ་དང་། མཆིན་ནད་ག་པ་ལ་མྱུར་དུ་ནད་དུག་འགོག་པའི་གསོ་བཅོས་བྱས་ནས་ལུས་སྟེང་གི་ནད་དུག་གཙང་སེལ་བྱེད་དགོས། ཆང་གཤིས་མཆིན་ནད་ཕོག་མཁན་གྱིས་ཆང་གཏན་དུ་གཅོད་དགོས། མཆིན་པ་ཚིལ་འགྱུར་གྱི་ནད་པས་གང་མགྱོགས་ཀྱིས་ལུས་པོའི་ལྗིད་ཚད་ཚོད་འཛིན་དང་འགུལ་སྐྱོད་འོས་འཚམ་བྱས་ཏེ་མཆིན་ཚིལ་མེད་པར་བྱེད་དགོས།

མཆིན་པའི་ནད་ལ་ནུས་ལྡན་གྱི་ཚོད་འཛིན་བྱས་ན་མཆིན་སྐྲན་གྱི་ཉེན་ཁ་ཇེ་དམའ་རུ་གཏོང་ཐུབ་མོད། འོན་ཀྱང་མཆིན་སྐྲན་གཏན་འགོག་བྱེད་མི་ཐུབ་པས། མཆིན་ནད་ལ་གསོ་བཅོས་བྱེད་པའི་གོ་རིམ་ཁྲོད་དུ་མཆིན་སྐྲན་ལ་བརྟག་དཔྱད་བྱེད་པར་དོ་སྣང་བྱེད་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།