གྱོད་དཔེ།
གཡང་འབུམ་དང་ལྷ་མོ་འཚོ་གཉིས་དགའ་རོགས་བསྒྲིགས་ནས་ལོ་འགའ་འགོར་རྗེས་བདེ་བླག་གི་ངང་ནས་གཉེན་སྒྲིག་ཡི་གེ་བླངས། གཉེན་སྒྲིག་ཡི་གེ་བླངས་ནས་ཅང་མ་འགོར་བར་གཡང་འབུམ་གྱིས་སྡོད་ཁང་ཞིག་ཉོས་ཏེ་རང་ཉིད་ཀྱི་མིང་ཐོག་ཏུ་ཐོ་འགོད་བྱས་པ་རེད། དེ་ནས་ཟླ་འགའ་འགོར་རྗེས་ལྷ་མོ་འཚོར་མངལ་ཆགས་པས་ཁོ་གཉིས་དགའ་བ་འབུམ་གྱིས་མྱོས་མོད། འོན་ཀྱང་ལས་ངན་པ་ཞིག་ལ་ལོ་དེའི་ལོ་མཇུག་ཏུ་གཡང་འབུམ་ལ་འབྲས་སྐྲན་གྱི་ནད་ངན་ཞིག་ཕོག་ཡོད་པ་ཤེས་པས། གཡང་འབུམ་གྱིས་ལྷ་མོ་འཚོར་བྱིས་པ་དེ་དགོས་འདོད་མེད་པའི་རྣམ་འགྱུར་བསྟན་པར་མ་ཟད། སྦྲུམ་བུ་མངལ་ནས་ལེན་དགོས་པའི་རེ་འདུན་བཏོན། འོན་ཀྱང་ལྷ་མོ་འཚོས་མངལ་ལེན་རྒྱུ་ཁས་མ་བླངས་པར་བྱིས་པ་བཙའ་རྒྱུ་ཡིན་པའི་བསམ་ཚུལ་བསྟན། དེ་བས་གཡང་འབུམ་གྱིས་ཁ་ཆེམས་ཡི་གེ་བྲིས་ཏེ་སྦྲུམ་བུ་དེ་དགོས་འདོད་མེད་པར་མ་ཟད། ཁོ་རང་ཉིད་ཀྱི་མིང་ཐོག་ཏུ་ཡོད་པའི་སྡོད་ཁང་དེ་ཕ་མ་གཉིས་ཀར་འཇོག་རྒྱུའི་འདོད་བློ་བཏོན་ཡོད། དེ་ནས་ཟླ་འགའ་འགོར་རྗེས་གཡང་འབུམ་ཚེ་ལས་འདས་ཤིང་། ལོ་དེར་ལྷ་མོ་འཚོས་བུ་མོ་ཆོས་སྒྲོན་བཙས། ལྷ་མོ་འཚོར་ཡོང་སྒོ་དམའ་བའི་ཁར་བྱིས་པ་སྙོར་དགོས་པས། འཚོ་བར་དཀའ་ཁག་ཆེན་པོ་བྱུང་བས། མོས་ཁྲིམས་ཁང་ལ་གཏུགས་ཏེ་གཡང་འབུམ་གྱི་ཤུལ་ནོར་ལུགས་མཐུན་གྱིས་བགོ་བཤའ་བརྒྱག་དགོས་པའི་རེ་འདུན་བཏོན།
གྱོད་དོན་དབྱེ་ཞིབ།
བུ་མོ་ཆོས་སྒྲོན་ལ་གཡང་འབུམ་གྱི་ཤུལ་ནོར་རྒྱུན་འཛིན་བྱེད་རྒྱུའི་དབང་ཆ་ཡོད་དམ། གཡང་འབུམ་གྱིས་ཁ་ཆེམས་ཡི་གེའི་སྟེང་དུ་བྱིས་པ་དེ་དགོས་འདོད་མེད་པའི་རྣམ་འགྱུར་བསྟན་པའི་བྱ་སྤྱོད་དེ་ནི་ནུས་མེད་རེད། གཡང་འབུམ་གྱི་ཁ་ཆེམས་ཡི་གེ་དེས་ཁོ་དང་བུ་མོ་ཆོས་སྒྲོན་གཉིས་ཀྱི་བཅའ་ཁྲིམས་སྟེང་གི་ཕ་བུའི་འབྲེལ་བར་འགྱུར་བ་གཏོང་མི་ཐུབ། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན16པའི་ནང་དུ“ཤུལ་ནོར་རྒྱུན་འཛིན་དང་སྦྱིན་དངོས་དང་ལེན་བྱེད་པ་སོགས་སྦྲུམ་བུའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་འབྲེལ་ཡོད་ན། སྦྲུམ་བུ་དེ་ནི་དམངས་དོན་དབང་ཆའི་ནུས་པ་ཡོད་པར་ངོས་འཛིན་དགོས་པ་དང་། སྦྲུམ་བུ་བཙའ་བའི་སྐབས་སུ་ཚེ་ལས་འདས་ན། དེའི་དམངས་དོན་དབང་ཆ་དེ་དུས་དེ་ནས་བཟུང་མེད་པར་གྱུར་པ་ཡིན”ཞེས་གཏན་འབེབས་བྱས་ཡོད། དེ་བས་སྦྲུམ་བུ་ལ་ཤུལ་ནོར་རྒྱུན་འཛིན་བྱེད་རྒྱུའི་དབང་ཆ་ཡོད་པ་རེད། དེ་ལས་གཞན《དམངས་དོན་ཁྲིམས་གཞུང》གི་དོན་ཚན1155པའི་ནང་དུ“ཤུལ་ནོར་བགོ་བཤའ་བརྒྱག་པའི་སྐབས་སུ། སྦྲུམ་བུ་ལ་བགོ་སྐལ་འཇོག་དགོས་པ”གཏན་འབེབས་བྱས་ཡོད། གཡང་འབུམ་གྱིས་བཞག་པའི་ཁ་ཆེམས་ཡི་གེའི་སྟེང་དུ་སྦྲུམ་བུ་ལ་དེ་བསྟུན་གྱི་རྒྱུན་འཛིན་བགོ་སྐལ་བཞག་མེད་པ་དེ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འགལ་འདུག སྡོད་ཁང་དེ་ནི་གཡང་འབུམ་གྱིས་ཉོས་ཏེ་ཁོ་རང་ཉིད་ཀྱི་མིང་ཐོག་ཏུ་བཀོད་ཡོད་ནའང་། སྡོད་ཁང་ཉོས་པའི་དུས་ཚོད་ནི་ཁོ་དང་ལྷ་མོ་འཚོ་གཉིས་གཉེན་བསྒྲིགས་པའི་རྗེས་ཡིན་པས། སྡོད་ཁང་དེ་ནི་ཁོ་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་དུ་གཏོགས་པ་རེད། དེའི་ཕྱིར་གཡང་འབུམ་ལ་ལྷ་མོ་འཚོར་དབང་བའི་ཆ་ཤས་དེ་ཐག་གཅོད་བྱེད་རྒྱུའི་དབང་ཆ་མེད། གྱོད་དོན་འདིའི་ནང་གི་སྡོད་ཁང་དེའི་བགོ་སྟངས་ནི་ཐོག་མར་ལྷ་མོ་འཚོར་དབང་བའི་སྡོད་ཁང་དེའི་ཕྱེད་ཀ་འཐེན་རྗེས། འཕྲོ་མའི་ཕྱེད་ཀ་ལས་ད་གཟོད་སྦྲུམ་བུ་ལ་དེ་བསྟུན་གྱི་རྒྱུན་འཛིན་བགོ་སྐལ་འཇོག་དགོས་པ་དང་། དེ་ནས་ད་གཟོད་གཡང་འབུམ་གྱི་ཁ་ཆེམས་ལྟར་བགོ་བཤའ་བརྒྱག་དགོས་སོ། །