ནམ་མཁའི་མེ་ལོང་གི་མཚན་སྙན་ཡོད་པའི་ཚྭ་ཁའི་ཚྭ་མཚོ་མཛེས་ལྗོངས་ཁུལ་གྱིས་ཐུན་མོང་མ་ཡིན་པའི་རང་བྱུང་ཚྭ་མཚོའི་མཛེས་ལྗོངས་ལ་བརྟེན་ནས་རྒྱལ་ནང་གི་ཡུལ་སྐོར་དམིགས་སའི་ཁུལ་གཙོ་བོར་གྱུར་ཏེ། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་པ་མང་པོ་བཀུག་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། རྒྱལ་སྟོན་གུང་གསེང་གི་སྔོན་གྱི་ཉིན་གསུམ་རིང་། ནམ་མཁའི་མེ་ལོང་གི་མཚན་སྙན་ཡོད་པའི་ཚྭ་ཁའི་ཚྭ་མཚོ་མཛེས་ལྗོངས་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་པ་མི་ཁྲི་བརྒྱད་ཙམ་ལ་སྣེ་ལེན་བྱས་ཏེ། ཉེ་བའི་ལོ་འགའི་རིང་གི་དུས་མཉམ་ལས་ཡུལ་སྐོར་པ་སྣེ་ལེན་བྱས་ཚད་ཇེ་མང་དུ་སོང་ཡོད།
རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་བསུ་ཆེད། ཚྭ་མཚོའི་མཛེས་ལྗོངས་ཁུལ་གྱིས་འཆར་འགོད་བྱས་ཏེ་བརྗོད་དོན་བྱ་འགུལ་རབ་དང་རིམ་པ་སྤེལ་བ་དང་། ཟླ10པའི་ཚེས1ཉིན་ནས་ཟླ10པའི་ཚེས8ཉིན་བར་མཛེས་ལྗོངས་ཁུལ་གྱིས་ཉིན་རེར་གཏན་འཁེལ་གྱི་དམར་པོ་བརྗོད་དོན་ཡིན་པའི་འཁྲབ་སྟོན་དང་རྒྱལ་གཅེས་ཤེས་བྱ་ཐད་ཀྱི་དྲི་བ་དྲིས་ལན། རོལ་རྩེད་སོགས་བྱ་འགུལ་བཀོད་སྒྲིག་བྱས་ཡོད་ལ། དེ་དང་མཉམ་དུ། ལུས་ལ་གྱོན་ཆས་དམར་པོ་གོན་ནས་རྒྱལ་སྟོན་དུས་ཆེན་བསུ་བ་དང་རྒྱལ་དར་མཉམ་དུ་འབྲི་བ་སོགས་ཀྱི་བྱ་འགུལ་བཀོད་སྒྲིག་བྱས་ཏེ། རྒྱ་ཆེའི་ཡུལ་སྐོར་པ་རྣམས་གདན་དྲངས་ནས་མཉམ་དུ་མེས་རྒྱལ་གྱི་འཁྲུངས་སྐར་ལ་བསུ་མ་བྱས། རྒྱལ་སྟོན་དུས་ཆེན་གྱི་སྣང་ཚུལ་སྟུག་པོས་ཡུལ་སྐོར་པ་རེ་རེར་མཛེས་ལྗོངས་ལོངས་སྤྱོད་བྱེད་དུ་བཅུག་པ་ལས་གཞན། དུས་ཆེན་གྱི་སྤྲོ་སྣང་དང་མེས་རྒྱལ་ཁྱིམ་གཞི་ཆེན་མོའི་བརྩེ་བ་མྱོང་དུ་བཅུག དེ་མིན། ཚྭ་ཁའི་ཚྭ་མཚོ་མཛེས་ལྗོངས་ཁུལ་གྱིས་སྔོན་ལ་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་ཏེ། ལས་བྱེད་མི་སྣ་བརྒྱ་དང་ལྔ་བཅུ་ཁ་སྣོན་བྱས་ནས་འཁོར་སྐྱོད་གེགས་མེད་ཡོང་བར་བྱས་པ་དང་། མེ་འཁོར་ཆུང་བ་ཉི་ཤུ་དང་ལྟ་སྐོར་རླངས་འཁོར་ཉེར་གཉིས། ཡུལ་སྐོར་གྲུ་གཟིངས་བཅུ་བཞི་བཅས་ཁ་སྣོན་བྱས་ཏེ། ཡུལ་སྐོར་པ་རྣམས་ཀྱིས་ཚྭ་མཚོའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ལ་རོལ་མྱོང་བྱེད་ཐུབ་པར་འགན་སྲུང་བྱས།
དྲ་ཐོག་གི་ཐད་གཏོང་བརྒྱུད་དེ་མཚམས་སྦྱོར་དང་། ཡུལ་དངོས་ཀྱི་ཁྲིད་སྟོན་སོགས་བྱེད་ཐབས་སྣ་མང་སྤྱད་ནས། རྣམ་པ་ཆེས་ལེགས་པའི་སྒོ་ནས་རྒྱལ་ཡོངས་ཡུལ་སྐོར་པ་རྣམས་ལ་བསུ་མ་བྱས། ཐེངས་འདིའི་རྒྱལ་སྟོན་དུས་ཆེན་སྐབས་སུ། ཚྭ་ཁའི་ཚྭ་མཚོ་མཛེས་ལྗོངས་ཁུལ་གྱི་ཐུན་མོང་ཡིན་པའི་རང་བྱུང་ཚྭ་མཚོའི་མཛེས་ལྗོངས་ཀྱིས་ཡུལ་སྐོར་པ་རྣམས་ཀྱི་ཡིད་སེམས་དབང་མེད་དུ་བཀུག་པ་དང་། སྔར་ལས་ཕུན་སུམ་ཚོགས་པའི་དམར་པོ་བརྗོད་དོན་ཡིན་པའི་བྱ་འགུལ་རབ་དང་རིམ་པས་རྒྱལ་ཁབ་ཀྱི་བརྩེ་བ་གང་ལེགས་སྒོས་མངོན་པར་བྱས།