དམངས་དོན་ཁྲིམས་གཞུང་གི་དོན་ཚན1017པའི་གཏན་འཁེལ་ལྟར་ན། “སྤྱི་ཚོགས་སྟེང་སྐད་གྲགས་ངེས་ཅན་ལྡན་པ་དང་། མི་གཞན་གྱིས་བཀོལ་ནས་སྤྱི་དམངས་མཉམ་བསྲེས་སུ་གཏོང་ཐུབ་པའི་སྨྱུག་མིང་དང་འཁྲབ་མིང་། དྲ་མིང་། སྒྱུར་མིང་། ཡིག་ཨང་། རུས་མིང་དང་མིང་གི་བསྡུས་མིང་སོགས་སུ་རུས་མིང་གི་བདག་དབང་དང་མིང་གི་བདག་དབང་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་གཏན་འཁེལ་གཞིར་འཛིན་དགོས” ཞེས་བཀོད་ཡོད།
སྨྱུག་མིང་དང་འཁྲབ་མིང་། དྲ་མིང་། སྒྱུར་མིང་། རུས་མིང་དང་མིང་གི་བསྡུས་མིང་ལ་གཤམ་གྱི་ཆ་རྐྱེན་དང་མཐུན་པའི་སྐབས་སུ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱ་དགོས།
གཅིག སྐད་གྲགས་ངེས་ཅན་ལྡན་པས་འབྲེལ་ཡོད་མང་ཚོགས་ཀྱིས་ཤེས་པ།
གཉིས། མི་གཞན་གྱིས་རང་དགར་དམིགས་བསལ་གྱི་རུས་མིང་བེད་སྤྱོད་བྱས་པའི་བྱ་སྤྱོད་ལ་གཞིགས་ན། འབྲེལ་ཡོད་སྤྱི་དམངས་ཀྱིས་ཚབ་བྱེད་གཅིག་གྱུར་གྱི་རང་བཞིན་ལ་མཉམ་བསྲེས་བྱེད་སྲིད་པའི་རང་བཞིན་འབྱུང་སྲིད། བཅའ་ཁྲིམས་ཀྱིས་དེར་སྲུང་སྐྱོབ་བྱེད་དོན་ནི། ཕྱོགས་གཅིག་ནས་འཁྲབ་མིང་དང་དྲ་མིང་། རུས་མིང་བཅས་ཀྱི་བསྡུས་མིང་དེ་དམིགས་བསལ་མི་སྒེར་གྱི་ཐོབ་ཐང་དང་མི་གཞིའི་ཐོབ་ཐང་དང་འབྲེལ་བ་ཡོད་པས་མི་གཞན་གྱི་སྨྱུག་མིང་དང་། འཁྲབ་མིང་། དྲ་མིང་སོགས་རྫུན་སྤྱོད་བྱས་ནས་དེའི་མིང་ཐོག་ནས་ཆ་འཕྲིན་ཁྱབ་བསྒྲགས་བྱས་ན་མི་སྒེར་གྱི་མཚན་སྙན་སོགས་ལ་གནོད་འཚེ་བཟོ་སྲིད། ཕྱོགས་གཞན་ཞིག་ནས་དམིགས་བསལ་གྱི་མཚོན་རྟགས་འདི་དག་ལ་སྐབས་འགར་ཚོང་ལས་ཀྱི་རིན་ཐང་ངེས་ཅན་ལྡན་པས། དེར་སྲུང་སྐྱོབ་བྱས་ན། གཞུང་དྲང་མིན་པའི་ཚོང་ལས་ཀྱི་བྱ་སྤྱོད་དང་ཚུལ་མིན་འགྲན་རྩོད་ཀྱི་བྱ་སྤྱོད་སྔོན་འགོག་བྱེད་པར་ཕན་ཐོགས་ཡོད་ལ། སྤྱི་ཚོགས་དཔལ་འབྱོར་གྱི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པར་ཡང་ཕན་ཐོགས་ཡོད།