ཁ་ཆད་གླ་ཡུན་དང་གན་རྒྱའི་གླ་ཡུན་མི་མཐུན་ཚེ་ཇི་ལྟར་བྱ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

གྱོད་དཔེ།

ཟླ་བཟང་གིས་ཁང་པའི་གླ་གཏོང་གན་རྒྱའི་སྟེང་མིང་ཐོ་བཀོད་རྗེས། ད་གཟོད་གན་རྒྱའི་སྟེང་གི་གླ་ཡུན་ནི་ལོ1ཡིན་པ་ཤེས། དེ་སྔོན་ཁོས་ཁང་བདག་དང་ཁ་ཆད་བྱས་པའི་ཁང་པའི་གླ་གཏོང་དུས་ཡུན་ནི་ཟླ8ཏག་ཏག་ཡིན་པས། ཟླ་བཟང་གིས་ཁང་བདག་ལ་དུས་ཐོག་ཏུ་འབྲེལ་བ་བྱས་ཏེ་གན་རྒྱའི་སྟེང་གི་ཁང་པའི་གླ་གཏོང་དུས་ཡུན་བསྒྱུར་དགོས་པའི་རེ་བ་བཏོན་པ་ན། ཁང་བདག་གིས་གླ་གཏོང་དུས་ཡུན་ནི་ཟླ8ནས་ལོ1བར་ཡིན་པར་ཁ་གཡར་ནས་གྲོས་འཆམ་ཡི་གེ་བསྐྱར་དུ་འཇོག་རྒྱུ་ཁས་མ་བླངས། ཡིན་ན་ཡང་ཟླ་བཟང་གིས་སྐད་འཕྲིན་ལས་ཁང་བདག་དང་ཁ་བརྡ་བྱས་པའི་ཟོན་ཐོ་དཔང་རྟགས་བཏོན་ཏེ། གླ་གཏོང་དུས་ཡུན་ནི་ཟླ8ཡིན་པར་བདེན་དཔང་བྱེད་ཐུབ་བམ།

བཅའ་ཁྲིམས་དབྱེ་ཞིབ།

ཟླ་བཟང་གིས་ཞིབ་བརྗོད་ལྟར་ན། ཡིག་ཐོག་གན་རྒྱའི་སྟེང་མིང་རྟགས་བཀོད་ཡོད་མོད། འོན་ཀྱང་ཟླ་བཟང་གིས་སྔར་བཞིན་བཅའ་ཁྲིམས་ཀྱི་ཐབས་ལམ་བརྒྱུད་དེ་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབ་བྱས་ཆོག གལ་ཏེ་སྐད་འཕྲིན་གྱི་ཁ་བརྡའི་ཟིན་ཐོ་ལས“ཟླ་བ8ཀྱི་གླ་ཡུན”ནི་ཕྱོགས་གཉིས་ཀས་ཁ་ཆད་ངོ་མ(ཁང་བདག་གིས་ཁས་ལེན་གསལ་པོ་བྱས་ཡོད་པ)ཡིན་པ་གསལ་པོར་ར་སྤྲོད་བྱེད་ཐུབ་པ་དེ། “གན་རྒྱའི་ནང་དོན་ལ་གོ་ནོར་ཚབས་ཆེན”བྱུང་བ་རུ་གྲུབ་ན། ཟླ་བཟང་གིས་གླ་གཏོང་ཁང་པ་ཡོད་གནས་ཀྱི་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ནས་གན་རྒྱ་བསྒྱུར་བ (གླ་ཡུན་ཟླ་བ8དུ་བསྒྱུར་རྒྱུ) དང་གན་རྒྱ་ཕྱིར་འཐེན་བྱ་རྒྱུའི་འདོད་ཚུལ་བཏོན་ཆོག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན147པའི་གཏན་འཁེལ་ལྟར་ན། “གོ་ནོར་ཚབས་ཆེན་ལ་བརྟེན་ནས་ལག་ཏུ་བསྟར་བའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་དེར། བྱ་སྤྱོད་སྤེལ་མཁན་ལ་མི་དམངས་ཁྲིམས་ཁང་ངམ་འདུམ་གཅོད་ལས་ཁུངས་ལ་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུ་བའི་དབང་ཆ་ཡོད་མོད། འོན་ཀྱང་དེར་ངེས་པར་མཉམ་འཇོག་བྱ་དགོས”ཞེས་བཀོད་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན152པའི་གཏན་འཁེལ་ལྟར་ན། “གོ་ནོར་ཚབས་ཆེན་གྱི་དབང་གིས་ཕྱིར་འཐེན་བྱེད་དབང་སྤྱོད་པ་ནི། དོ་བདག་པས་ཕྱིར་འཐེན་བྱེད་པའི་དོན་དག་རྒྱུ་རྐྱེན་ཤེས་པའམ་ཤེས་དགོས་པའི་ཉིན་ནས་བཟུང་ཉིན90ནང་ཚུན་དུ་བསམ་འཆར་འདོན་དགོས”ཞེས་བཀོད་ཡོད། དེར་བརྟེན་ཟླ་བཟང་གིས་གླ་ཡུན་ལ་གནད་དོན་ཡོད་པ་ཤེས་རྗེས་ཀྱི་ཉིན90ནང་ཚུན་དུ་བསམ་འཆར་འདོན་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།