སྟོན་ཚུགས་རྗེས་སྔོ་ཚལ་དང་སིལ་ཏོག་འདི་དག་མང་ཙམ་བཟའ་འོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།

སྟོན་ཚུགས་རྗེས། ནམ་ཟླ་རྟག་པར་སྐམ་ཞིང་ཚ་བ་ཆེ་བའི་ཁྱད་ཆོས་ཡོད་པ་དང་། གློ་བ་ལ་མཁའ་དབུགས་སྐམ་པོའི་གནོད་པ་ཐེབས་སྲིད་པས། དབུགས་ལམ་མ་ལག་གི་དལ་གཤིས་ནད་རིགས་མང་པོ་བསྐྱར་འབྱུང་དང་ཚབས་ཆེར་འགྱུར་མགོ་རྩོམ་པ་ཡིན། དེ་བས། སྟོན་ཁར་འཚམ་པའི་བཟའ་བཅའི་ཁམས་གསོ་བྱེད་པ་ལ་སྐམ་ཤས་ཆེ་བའི་བཟའ་བཅར་འཛེམ་དགོས་ཤིང་། མེ་དྲོད་ཕབ་པ་དང་ཚ་སྐམ་སེལ་བའི་བཟའ་བཅའ་སྟེ། གཤམ་གྱི་སྔོ་ཚལ་དང་སིལ་ཏོག་འདིའི་རིགས་མང་ཙམ་བཟའ་འོས།

གཅིག  རྡོ་ལུ་མ།

རྡོ་ལུ་མའི་ངོ་བོ་གྲང་ལ་རོ་མངར་བ་དང་། ཚ་བ་སེལ་ཞིང་ཁྲག་གཅོད་པ། སྐྲངས་པ་ཞི་ཞིང་ན་ཟུག་འཇོམས་པ། རླུང་རོ་སེལ་ཞིང་རླུང་རྩ་གཤོང་བ། རྒྱུ་ལམ་འབྱེད་ཅིང་རླུང་གསོ་བ་སོགས་ཀྱི་ཕན་ནུས་ལྡན།

གཉིས། ལྷོ་ཀུབ།

ལྷོ་ཀུབ་ཀྱི་ངོ་བོ་དྲོ་ལ་རོ་མངར་བ་དང་། མཚེར་བ་དང་ཕོ་བར་ཕན་ལ། འཇུ་སྟོབས་སྙོམ་པ་དང་རླུང་གསོ་བ། གཉན་ཚད་སེལ་བ། ན་ཟུག་འཇོམས་པ། ཚ་སྐམ་སེལ་བ་སོགས་ཀྱི་ཕན་ནུས་ལྡན།  གསུམ།  ཞོག་རྒོད།

ཞོག་རྒོད་ཀྱིས་ཆུ་ཁམས་གསོ་ཞིང་གློ་བའི་ཚ་སྐམ་སེལ་ལ། གློ་བ་མི་བཟང་བ་དང་ཡུན་རིང་ལ་ལུ་བ། དབུགས་འཚང་བ་སོགས་ཀྱི་ནད་གསོ་བར་གཞོགས་འདེགས་བྱེད་ཐུབ།

བཞི། སྲན་ཁུ།

སྲན་ཁུའི་ནང་དུ་འཚོ་རྒྱུ་སྣ་མང་ཡོད་ལ། དེའི་ཁྲོད་ཀྱི་འཚོ་རྒྱུEཡིས་ལུས་པོའི་རྙིང་ཚབ་གསར་བརྗེ་ལ་སྐུལ་འདེད་དང་སྐྱི་ལྤགས་གསོ་ཐུབ། སྟོན་ཁར་སྲན་ཁུ་མང་ཙམ་འཐུང་ན་སྐྱི་ལྤགས་སྐམ་ཞིང་ཟ་འཕྲུག་ལངས་པ་དང་ཁ་སྣ་སྐམ་པ་སོགས་ཀྱི་གནད་དོན་སེལ་བར་ཕན།

ལྔ།  ལུག་མཉེ་མེ་ཏོག ལུག་མཉེ་མེ་ཏོག་ལ་ཆུ་ཁམས་གསོ་ཞིང་ཚ་བ་སེལ་བ། གློ་བ་གསོ་བ། གློ་ལུ་བ་སེལ་བ་

སོགས་ཀྱི་ཕན་ནུས་ལྡན་ལ། དེ་ཉིད་ཁུ་བར་བསྐོལ་བའམ་ཐང་དུ་གདུ་བ། ཟས་སུ་རྔོ་བ་

སོགས་གང་རུང་བྱས་ཏེ་བསྟེན་ཆོག 

དྲུག  ཆང་བ་ལི།

ཆང་བ་ལིས་མིད་པ་སྐམ་པ་དང་སྐད་འགག་པ། སྐམ་ལུ་བྱེད་པ། ལུད་པ་སེར་པོ་འབྱུང་བ། གཅིན་པ་སེར་ཞིང་ཉུང་བ་སོགས་གསོ་བར་གཞོགས་འདེགས་བྱེད་ཐུབ། ཡིན་ནའང་མེ་དྲོད་ཉམས་པ་དང་ཁོག་པ་བཤལ་བའི་མིས་ཉུང་ཟ་བྱ་དགོས།

བདུན།  རྒུན་འབྲུམ།

རྒུན་འབྲུམ་གྱི་ངོ་བོ་སྙོམ་ལ་རོ་མངར་སྐྱུར་གཉིས་ཀ་ལྡན། གློ་བ་དང་མཚེར་བ། ཕོ་བ། མཆིན་པ། མཁལ་མ་སོགས་ལ་ཕན་ཞིང་། ཁྲག་རླུང་གསོ་བ་དང་ཟགས་ཆུ་འཕེལ་བའི་ཕན་ནུས་ལྡན།  བརྒྱད།  ཀུ་ཤུ།

ཀུ་ཤུ་ནི་ཟགས་ཆུ་འཕེལ་བ་དང་གློ་བ་གསོ་བ། སུན་སྣང་སེལ་བ། ཡི་ག་འབྱེད་པ་སོགས་ལ་ཕན་ཞིང་། འཇུ་སྟོབས་མི་ལེགས་པ་དང་དབུགས་ཀྱི་རྒྱུ་བ་མི་བཟང་བ་སོགས་གསོ་བར་ཕན།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།