ལུས་པོའི་ལྗིད་ཚད་ནི་མི་ཞིག་གི་བདེ་ཐང་གནས་ཚུལ་འཇལ་བྱེད་ཀྱི་ཚད་གཞི་གལ་ཆེན་ཞིག་རེད། དེང་རབས་གསོ་རིག་ཞིབ་འཇུག་ལས་ར་སྤྲོད་བྱུང་བ་ལྟར་ན། ལུས་པོ་རྒྱགས་དྲགས་པའམ་ཡང་ན་སྐམ་དྲགས་ན་བདེ་ཐང་ལ་གནོད་ཀྱི་ཡོད། དེས་ན། ལུས་པོའི་ལྗིད་ཚད་ཀྱི་ཚད་གཞི་ཡག་ཤོས་གང་ཡིན་པ་དང་། ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་གང་འདྲ་བྱེད་དགོས་སམ་ཞེ་ན། གཤམ་ནས་ང་ཚོས་མཉམ་དུ་དེའི་ཐད་ཀྱི་བདེ་ཐང་ཤེས་བྱར་རྒྱུས་ལོན་ཞིག་བྱ།
གཅིག ལུས་པོའི་ལྗིད་ཚད་ཀྱི་ཚད་གཞི་ཡག་ཤོས།
ལོ18ནས64བར། ལུས་པོའི་ལྗིད་ཚད་སྟོན་གྲངས18.5ནས23.9ཡིན་ན་བཟང་། ལོ65ཡན་གྱི་ལུས་པོའི་ལྗིད་ཚད་སྟོན་གྲངས20ནས26.9ཡིན་ན་བཟང་། ལོ80ཡན་གྱི་ལུས་པོའི་ལྗིད་ཚད་སྟོན་གྲངས22ནས26.9ཡིན་ན་བཟང་། གོང་གསལ་ལྟར་རྒན་པའི་ལུས་པོའི་ལྗིད་ཚད་སྟོན་གྲངས་ན་གཞོན་ལས་མཐོ་བའི་རྒྱུ་མཚན་ནི་རྒན་པ་ཚོ་ལུས་པོ་ཅུང་ཟད་རྒྱགས་པ་ཡོད་ན་ལུས་སྟོབས་དང་ནད་འགོག་ནུས་པ་མ་ཉམས་པར་ཡུན་རིང་བདེ་ཐང་ཡོང་བར་ཕན་ཐོགས་ཡོད།
གཉིས། ལུས་པོའི་ལྗིད་ཚད་ཇེ་དམའ་རུ་གཏོང་ཐབས།
བདེ་ཐང་ཅན་གྱི་ལུས་པོའི་ལྗིད་ཚད་རྒྱུན་འཁྱོངས་བྱེད་དགོས་ན། གལ་ཆེ་ཤོས་ནི་ཟས་རིགས་ཀྱི་སྤང་བླང་ཡིན།
འབྲས་དང་གྲོ་ཞིབ་ཟ་ཚད་ཇེ་ཉུང་དུ་གཏོང་དགོས། ཞོག་ཁོག་རིགས་ཀྱིས་འབྲུ་རིགས་ངེས་ཅན་ཞིག་གི་ཚབ་བྱེད་དགོས་ཤིང་། མ་རྨོས་ལོ་ཏོག་དང་བྲ་བོ། ཡུག་པོ། སྲན་ཆུང་། སྲན་ལྗང་སོགས་འབྲུ་རིགས་རྩིང་པོ་ཅུང་མང་ཙམ་ཟ་དགོས།
སྔོ་ཚལ་མང་ཙམ་ཟ་དགོས། དཔེར་ན། ཇིན་ཚལ་དང་ལ་ཕུག པའོ་ཚལ། ཤ་མོ། ཧའེ་ཏའེ། རྡོ་ཀུབ། ཏུང་ཀྭ། སྨྱུག་རྩ་སོགས་སྔོ་ཚལ་མང་ཙམ་ཟ་དགོས།
ཤ་ཟ་ཚད་ལ་ཚོད་འཛིན་བྱེད་དགོས། ཤ་མང་པོ་བཟའ་མི་རུང་། ལྷག་པར་ཤ་དམར་དང་ཕྱེ་ལུམས་ཤ། ཕག་པའི་ཉྭ་རིལ་སོགས་ལ་འཛེམ་དགོས།
སྣུམ་དང་ཚྭ་ཉུང་ཙམ་ཟ་དགོས། སྣུམ་དང་ཚྭ་འདུས་ཚད་མཐོ་བའི་ཟས་རིགས་གང་ཐུབ་ཀྱིས་ཉུང་ཙམ་ཟ་བའམ་ཡང་ན་རྩ་བ་ནས་ཟ་མི་རུང་།
མངར་ཆ་ཉུང་བའི་ཤིང་འབྲས་ཟ་དགོས། ཤིང་འབྲས་ལ་འཚོ་རྒྱུ་ཕུན་སུམ་ཚོགས་པོ་འདུས་པར་མ་ཟད། ལྟོགས་སྐོམ་ཡང་སེལ་ཐུབ། དཔེར་ན། འབྲི་ཏ་ས་འཛིན་དང་། ལི། ཁམ་བུ་སོགས་མངར་ཆ་འདུས་ཚད9%མན་གྱི་ཤིང་འབྲས་གསར་པ་མང་ཙམ་ཟ་དགོས།
བཟའ་བཏུང་ལ་ཚོད་འཛིན་བྱེད་དགོས། ཉིན་རེའི་བཟའ་བཏུང་ཆོས་ཉིད་དང་མཐུན་དགོས་ཤིང་། ཟས་ཐུན་གསུམ་དོ་སྙོམས་ཡོང་བར་བྱེད་དགོས་པ་ལས། བཟའ་བཏུང་ཚོད་མེད་དུ་བསྟེན་མི་རུང་བར་ལུས་པོས་ཟས་སྐོམ་བསྡུ་ལེན་བྱེད་ཚད70%ཙམ་ཟིན་ན་ལེགས།
གསུམ། ལུས་པོའི་ལྗིད་ཚད་ཇེ་མཐོར་གཏོང་ཐབས།
སྤུས་ལེགས་སྤྲི་དཀར་བསྡུ་ལེན་བྱེད་ཚད་ཇེ་མང་དུ་གཏོང་དགོས། དཔེར་ན། ཉ་ཤ་དང་། བྱ་ཤ སྒོ་ང་། འོ་མ་སོགས་སྤུས་ལེགས་སྤྲི་དཀར་མང་ཙམ་ཟོས་ན་ལུས་པོའི་ཤ་གནད་ཀྱི་སྤྲི་དཀར་འདྲེས་གྲུབ་བྱེད་པར་སྐུལ་འདེད་གཏོང་ཐུབ།
ཤུགས་སྐྱེད་ལུས་རྩལ་མང་ཙམ་རྩེ་དགོས། དཔེར་ན། རྐང་ལག་རྐྱོང་སྐུམ་དང་། རྡོ་འགྱོགས། འགྱིག་ཐག་འཐེན་པ་སོགས་རྒྱུན་ལྡན་གྱི་ལུས་རྩལ་དེ་དག་གིས་ཤ་གནད་ཀྱི་སྟོབས་ཤུགས་འཕེལ་ནས་ལུས་པོའི་ནུས་པ་ལེགས་བཅོས་བྱེད་ཐུབ།
གཉིད་ཡག་པོ་ཁུག་དགོས། གཉིད་འདང་ངེས་ཁུག་ན་ལུས་པོའི་ནུས་པ་རྒྱུན་ལྡན་དུ་འཁོར་སྐྱོད་བྱེད་པར་རོགས་རམ་བྱས་ནས་ལུས་པོའི་ལྗིད་ཚད་འཕར་བའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཐུབ།
མཇུག་མཐར་དྲན་སྐུལ་ཞུ་རྒྱུ་ཞིག་ལ། གལ་ཏེ་རང་ཉིད་ཀྱིས་རང་འགུལ་སྒོས་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་གཏོང་བའི་བྱེད་ཐབས་མ་སྤྱད་ཀྱང་། ཉིན30ཡི་ནང་ལུས་པོའི་ལྗིད་ཚད5%ཡན་ཇེ་ཡང་དུ་ཕྱིན་པའམ་ཡང་ན་ཟླ6གི་ནང་དུ་ལུས་པོའི་ལྗིད་ཚད10%ཡན་ཇེ་ཡང་དུ་ཕྱིན་ན། དོན་དེར་ཚད་མཐོའི་མཐོང་ཆེན་བྱས་ནས་དུས་ཐོག་ཏུ་སྨན་ཁང་དུ་འགྲོ་བ་དང་། ནད་གཞི་ཕོག་ཡོད་མེད་ཐད་དགོས་ངེས་ཀྱི་བརྟག་དཔྱད་བཟང་པོ་བྱེད་དགོས།