ནམ་རྒྱུན་འཚོ་བའི་ཁྲོད་དུ་མི་མང་པོས་སྐྲ་སུ་ལུ་བཟོ་བ་དང་སྐྲ་ཚོས་རྒྱག་གི་ཡོད། མ་གཞི་འདི་འདྲ་བྱས་ན་བྱད་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཀྱང་གཟུགས་པོའི་བདེ་ཐང་ལ་གནོད་འཚེ་བཟོ་བཞིན་འདུག དེར་བརྟེན། རབ་ཡིན་ན་རང་ཉིད་ཀྱི་བདེ་ཐང་གི་ཆེད་དུ་སྐྲ་སུ་ལུ་བཟོ་བའམ་སྐྲ་ཚོས་མ་བརྒྱབ་ན་བཟང་།
གཤམ་དུ་ང་ཚོས་མཉམ་དུ་སྐྲ་སུ་ལུ་བཟོ་བའམ་སྐྲ་ཚོས་བརྒྱབ་ན་གནོད་པ་གང་དག་ཡོད་པར་རྒྱུས་ལོན་ཞིག་བྱེད།
གཅིག མགོའི་པགས་པར་གནོད་པ། མི་ཁ་ཤས་ལ་སྐྲ་ཚོས་བརྒྱབ་རྗེས་མགོའི་པགས་པ་དམར་པོ་ཆགས་པ་དང་ཟ་འཕྲུག་ལངས་པ་སོགས་བྱེད་ཀྱི་ཡོད་ལ། ཚབས་ཆེ་བའི་རིགས་ལ་མགོའི་པགས་པ་དང་གདོང་ཡང་སྐྲངས་པ་སོགས་བྱེད་ཀྱི་ཡོད།
གཉིས། སྐྲ་ལ་གནོད་པ། སྐྲ་ཚོས་རྒྱག་བྱེད་དང་སྐྲ་སུ་ལུ་བཟོ་བྱེད་གཉིས་ཀ་རྫས་འགྱུར་གྱི་སྨན་ཆུ་ཡིན་པས། བེད་སྤྱོད་གཏོང་སྐབས་པགས་པ་ལ་གནོད་པར་མ་ཟད། སྐྲའི་བུ་གར་ཡང་གནོད་ཀྱི་ཡོད་པས་ཀོག་ཤི་ལངས་པའམ་སྐྲ་འབུད་པ། མགོའི་པགས་པ་དམར་པོ་ཆགས་པ། ཟ་འཕྲུག་ལངས་པ་སོགས་ཀྱི་སྣང་ཚུལ་ཐོན་སྲིད།
གསུམ། མཆིན་པར་གནོད་པ། ཆེད་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། སྐྲ་ཚོས་རྒྱག་བྱེད་མང་པོ་ཞིག་ལ་པུན་སོགས་རྫས་འགྱུར་གྲུབ་ཆ་མང་པོ་འདུས་ཡོད་པར་བརྟེན། དུག་ཤེད་ལྡན་པའི་དབང་གིས་སྐྲ་ཚོས་བརྒྱབ་པ་ཡིན་ན་གྲུབ་ཆ་འདི་དག་རིམ་གྱིས་མགོ་བོའི་པགས་པའི་ཕྱི་ངོས་ཀྱི་ཁྲག་རྩ་ནས་མིའི་ལུས་པོར་སིམ་འགྲོ་བ་དང་། དེའི་རྗེས་མཆིན་པའི་ནང་དུ་བསགས་ནས། ལོ་མང་འགོར་རྗེས་མཆིན་པར་གནོད་འཚེ་ཆེན་པོ་བཟོ་བཞིན་ཡོད།
བཞི། དུག་ཕོག་ཉེན་ཆེ་བ། འབྲེལ་ཡོད་སྡེ་ཁག་གིས་སྐྲ་ཚོས་རྒྱག་བྱེད་སྣ་ཁ་བརྒྱ་ལྷག་ལ་ཞིབ་དཔྱད་ཚད་ལེན་བྱས་པ་ན། 90%ཙམ་གྱི་སྐྲ་ཚོས་རྒྱག་བྱེད་ནང་ཟེ་རྨང་པུན་དང་པུན་ཨན་སོགས་དུག་ལྡན་རྫས་འགྱུར་གྲུབ་ཆ་ཡོད་པ་ཤེས་རྟོགས་བྱུང་ཡོད།
གཞན་ཡང་། སྐྲ་ཚོས་མི་འཕྲོད་པ་དང་། པགས་ནད་ཡོད་མཁན། རྒས་འཁོགས་དང་གཟུགས་པོ་མི་བདེ་བ། མཆིན་པ་དང་མཁལ་མ་མི་བདེ་བ། སྦྲུམ་མ་དང་ཕྲུ་གུ་བཙས་མ་ཐག་པའི་བུད་མེད། ཁྱིམ་རྒྱུད་ལ་འབྲས་སྐྲན་ནད་ཡོད་མཁན་བཅས་ཀྱིས་རབ་ཡིན་ན་སྐྲ་ཚོས་གཏན་ནས་མ་བརྒྱབ་ན་བཟང་། །