ཐབས་ཤེས་འདི་དག་སྤྱད་ན་གཉིད་ཡག་པོ་ཁུག་ཐུབ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར།

བདེ་ཐང་བརྟག་དཔྱད་སྙན་ཞུ་ཞིག་ལས་མཚན་མོ་གསང་སྤྱོད་དུ་འགྲོ་དགོས་པ་དང་། མཚན་མོ་གཉིད་ལས་སད་སླ་བའམ་སྔ་མོ་ནས་གཉིད་ལས་སད་པ། གཉིད་ཁུག་དཀའ་བ་སོགས་ཚང་མ་ནི་གཉིད་ཡག་པོ་མི་ཁུག་པའི་རིགས་སུ་གཏོགས་པ་བསྟན་ཡོད། ཀྲུང་གོའི་ལོ་བཅོ་བརྒྱད་དང་དེའི་ཡན་གྱི་མི་ཚོགས་ལ་གཉིད་ཡག་པོ་ཁུག་མི་ཐུབ་པའི་དཀའ་ངལ་འཕྲད་ཚད48.5%ཡོད། ཞིབ་འཇུག་ལས་ཤེས་གསལ་ལྟར་ན། ཡུན་རིང་པོར་གཉིད་པའི་དུས་ཡུན་དུས་ཚོད7མི་འདང་བ་ཡིན་ན། རྒྱུན་ལྡན་གྱི་འཚོ་བར་ཤུགས་རྐྱེན་ཐེབས་སྲིད་པར་མ་ཟད། ད་དུང་ལུས་སེམས་གཉིས་ཀའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད།

གཅིག གཉིད་མ་འདང་ན་ཀླད་པའི་མཐོ་རིམ་བྱེད་ནུས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད།

གཉིད་ཡག་པོ་མ་ཁུག་ན་ཉིན་གཉིས་པའི་ལས་ཀ་དང་སློབ་སྦྱོང་ལ་ཤུགས་རྐྱེན་ངན་པ་ཐེབས་པ་མངོན་གསལ་དོད་པོ་ཡིན། ཁ་ལོ་བ་དང་བར་སྣང་མཐོན་པོར་ལས་ཀ་བྱེད་དགོས་པའི་མི་དག་ལ་མཚོན་ན། ཤུགས་རྐྱེན་འདིའི་རིགས་ཀྱིས་ཐ་ན་མི་ལུས་བདེ་འཇགས་ལའང་ཉེན་ཁ་བཟོ་ཉེན་ཡོད།

གཉིས། ཡུན་རིང་པོར་གཉིད་ཀྱིས་མ་འདང་ན་ལུས་ཕུང་ལ་འགྱུར་ལྡོག་འདི་དག་འབྱུང་སྲིད།

1.ཀླད་སྙིང་ཁྲག་རྩའི་ནད་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་བ། གཉིད་ཀྱིས་མ་འདང་ན་ཚོར་བའི་དབང་རྩའི་མ་ལག་མུ་མཐུད་དུ་སྐུལ་སློང་གི་རྣམ་པར་གནས་པ་དང་། སྙིང་འཁུམ་ཁྲག་ཤེད་དང་སྙིང་ཁ་འབྱེད་པའི་ཁྲག་ཤེད་མཚན་མོར་ཇེ་དམའ་རུ་མི་འགྲོ་བ་དང་། ཁྲག་ཤེད་མཐོ་བ་དང་སྙིང་ནད་ཀྱི་ཉེན་ཁ་བརྒྱ་ཆའི་སུམ་ཅུ་ཇེ་མཐོར་འགྲོ་བ་རེད།

2.སེམས་ཁམས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པ། གཉིད་ཀྱིས་མ་འདང་ན་ད་དུང་སེམས་ཁམས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད། དེ་ནི་ཡི་མུག་དང་སེམས་ཁྲལ་སོགས་བསམ་པའི་འགོག་རྐྱེན་སློང་བའི་ཉེན་ཁའི་རྒྱུ་རྐྱེན་ཞིག་ཏུ་རྩི་བཞིན་ཡོད།

3.ཀླད་པ་རྒས་ཚད་ཇེ་མགྱོགས་སུ་འགྲོ་བ། ཞིབ་འཇུག་ལས་ད་དུང་ཤེས་གསལ་ལྟར་ན། དྲན་ཤེས་ཉམས་པ་དང་། ལག་བསྟར་བྱེད་ནུས་ཇེ་ཞན་དུ་འགྲོ་བ། སྐད་བརྡའི་ནུས་པ་ཇེ་ཞན་དུ་འགྲོ་བ། མཐོང་ཚོར་འཛུགས་སྐྲུན་ནུས་པ་དང་ཐག་གཅོད་མྱུར་ཚད་ཇེ་དལ་དུ་འགྲོ་བ་སོགས་ནི་དུས་ཡུན་རིང་བོར་གཉིད་ཡག་པོ་ཁུག་མི་ཐུབ་པ་དང་འབྲེལ་བ་ཡོད་པ་རེད།

4.སྔོན་དཔག་གི་ཚེ་ཚད་ཇེ་ཐུང་དུ་འགྲོ་བ། ཡུན་རིང་པོར་གཉིད་ཀྱིས་མ་འདང་ན། ད་དུང་འཆི་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་དང་སྔོན་དཔག་གི་ཚེ་ཚད་ཇེ་ཐུང་དུ་འགྲོ་སྲིད།

གསུམ། གཉིད་ཇི་ལྟར་སྙོམས་སྒྲིག་བྱེད་དགོས།

དེ་ཡང་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་གཉིད་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས།

གཉིད་པར་ཕན་པའི་ཁོར་ཡུག་བསྐྲུན་པ། དཔེར་ན་མ་ཉལ་གོང་གི་དུས་ཚོད་གཅིག་རིང་ལག་ཁྱེར་ཁ་པར་དང་གློག་ཀླད་སོགས་གློག་རྡུལ་སྒྲིག་ཆས་སྤྱོད་མཚམས་བཞག་ནས། སྐྱིད་སྣང་དོད་པའི་ཉལ་གོས་བརྗེ་བ་དང་། རྐང་པ་སྦངས་ནས་གཟུགས་པོ་ལྷོད་ལྷོད་དུ་གཏོང་བ་ལྟ་བུ།

རྒྱུན་ལྡན་གྱི་གོམས་གཤིས་སྙོམས་སྒྲིག་བྱས་ནས་གཉིད་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ། དཔེར་ན་དགོང་མོར་ཆུ་མང་པོ་མི་འཐུང་བ་དང་། ཁོ་ཧྥེ་དང་ཆང་སོགས་འཐུང་ཚད་ཇེ་ཉུང་དུ་གཏོང་བ། འོད་ཆེན་པོ་བཀོལ་སྤྱོད་མི་བྱེད་པ། ལུགས་མཐུན་གྱི་བཟའ་བཏུང་ལ་བརྟེན་ནས་གཉིད་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས། ཞིབ་འཇུག་བྱས་པ་ལྟར་ན། འཚོ་བཅུདDཡིས་ལོ20ནས50བར་གྱི་མི་ཚོགས་ཀྱི་གཉིད་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་ཐུབ། ཟས་རིགས་དང་ཟས་རིགས་འཚོ་བཅུད་ཁ་གསབ་རྫས་ལ་བརྟེན་ནས་འཚོ་བཅུདDདང་གཉིད་ལེགས་བཅོས་བྱེད་པར་ཕན་པའི་ཕྲ་ཚད་གཞི་རྒྱུ་གཞན་དག་བསྡུ་ལེན་བྱེད་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།