དོན་མེད་དུ་བྱིས་པར་སྙིང་སུན་མ་སྐུར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། རྟ་མགྲིན་དཔལ།

ཕ་མའི་རྒྱབ་སྐྱོར་ནི་བྱིས་པའི་ནར་སོན་གྱི་གཤོག་ཡ་ཡིན།

བྱིས་པ་ཡིད་ཆེས་ཀྱིས་ཁེངས་ནས་ནར་སོན་དགོས།

ང་ཚོས་དུས་རྒྱུན་བྱིས་པས་བཅའ་སྲོལ་མི་ལེགས་པ་མཐོང་དུས་ཅུང་ཟད་ཀྱང་བསྲོན་མི་ཐུབ་པར་སྐད་ཆ་སྣ་ཚོགས་བཤད་ངེས་ཏེ། དཔེར་ན། འདི་འདྲའི་ལྡབ་ལྡིབ་ཡིན་དོན་ཅི། རྒྱུན་དུ་ཡིག་ནོར་འབྲི་དོན་ཅི། ཅི་འདྲའི་སྙིང་ཆུང་ཡིན་པ་ལ། སྐད་ཆ་ཡང་བཤད་ཤེས་ཀྱི་མི་འདུག  དུས་རྒྱུན་ཡིད་ལ་འཛིན་མི་ཐུབ་དོན་ཅི་ཡིན་སོགས་སྐད་ཆ་སྣ་ཚོགས་བཤད།

བྱིས་པར་ཆེས་གནོད་པ་ནི་གཞན་མ་ཡིན་པར་ཕ་མའི་སྐྱོན་བརྗོད་ཡིན།

རང་གི་བསམ་པར་སྐད་ཆ་འདི་དག་གིས་བྱིས་པར་ཕན་ཐོགས་པར་འདོད་ཀྱི་ཡོད་མོད། དོན་གྱིས་ཁོ་ཚོས་སྐད་ཆ་འདི་དག་བསམ་ཀྱིན་བསམ་ཀྱིན་དུ་རང་ཉིད་ཕ་མའི་བློར་འབབ་ཀྱིན་མི་འདུག་བསམ་ནས་སེམས་སྡུག་བཞིན་ཡོད།

འདི་ལྟར་དུས་ཡུན་རིང་པོ་འདས་རྗེས་ཁོ་ཚོས་རང་ཉིད་ནི་སྐྱོབ་ཐབས་ཡོད་པ་ཞིག་མ་རེད་བསམ་ནས་མཇུག་མཐར་ཐད་ཀར་དུ་ཁ་ཡ་མི་བྱེད།

བསྐྱོན་བརྗོད་ལས་ཀྱང་སྟོབས་ཤུགས་ཆེ་བ་ཞིག་ཡོད་པ་ནི་བྱིས་པར་བསྟོད་བསྔགས་བྱ་རྒྱུ་དེ་རེད། དེ་ཡིས་ཁོ་ཚོའི་སེམས་སུ་ཕ་མའི་ཁས་ལེན་དང་དགའ་བ་མྱོང་ཐུབ།

ཕ་མས་ངའི་བྱིས་པ་ངོ་མའི་ངར་བ་རེད་ཅེས་འདི་ལྟར་བསྟོད་དགོས།

ཕ་མའི་བསྟོད་བསྔགས་ནི་བྱིས་པའི་ནར་སོན་གྱི་གཤོག་ཡ་ལྟ་བུ་ཡིན།

ནོར་འཁྲུལ་མི་བྱུང་བའི་བྱིས་པ་ཞིག་གང་ན་ཡོད། དོན་དག་ཆེ་ཆུང་གང་ལ་ནོར་འཁྲུལ་བྱུང་ཡང་། གཙོ་བོ་གནད་དོན་དེ་ཇི་ལྟར་ཐག་གཅོད་བྱ་རྒྱུ་དེ་རེད།

བྱིས་པས་འོ་མ་འཕོ་བ་མཐོང་དུས། དེ་མ་ཐག་སྡིག་དམོད་མི་བྱེད་པར་ལག་ཕྱིས་ཁྱེར་ནས་ཕྱི་དགོས་ཚུལ་བཤད་དགོས། བྱིས་པའི་ཁང་མིག་གྲལ་དག་མིན་པ་མཐོང་དུས། དེ་མ་ཐག་སྐྱོན་བརྗོད་མི་བྱེད་པར་ཁོར་ཁང་པའི་ནང་གཙང་སྤྲ་བྱེད་དགོས་པ་བཤད་དགོས། བྱིས་པའི་སེམས་རྣལ་དུ་ཕབ་ནས་སློབ་སྦྱོང་བྱེད་མི་ཐུབ་དུས་འགྲིག་ལམ་བཅའ་རྒྱུ་སྔོན་མ་མི་བྱེད་པར་རང་གི་ཁ་པར་བཞག་ནས་བྱིས་པ་དང་མཉམ་དུ་སློབ་སྦྱོང་བྱེད་དགོས།

དོན་དག་ལ་འཕྲད་དུས་བསྐྱོན་བརྗོད་བྱེད་རྒྱུ་སྔ་བ་མི་བྱེད་པར་གནད་དོན་ཅི་ལྟར་ཐག་གཅོད་བྱེད་རྒྱུ་མཛུབ་སྟོན་བྱ་དགོས།  ནམ་ཡང་ཡིད་ལ་འཛིན་རྒྱུ་ཞིག་ཡོད་པ་ནི་གནད་དོན་ཁྱེར་ནས་བྱིས་པ་སྡུག་ལ་མི་གཏོད་པར་བྱིས་པ་དང་མཉམ་དུ་གནད་དོན་ལས་རྒྱལ་དགོས།

ཕ་མའི་འགན་ཁུར་ནི་བྱ་བའི་ཙག་ཙིག་ཁྲོད་བྱིས་པའི་བདེ་སྐྱིད་དང་སྤྲོ་བ་བསྐྱུར་ནས་མགོ་གནོན་རྒྱུ་དེ་མ་ཡིན་པར། བྱིས་པར་རམ་འདེགས་སྒོས་ཡིད་ཆེས་ཀྱིས་ནར་སོན་རྒྱུ་དེ་རེད།

དོན་དག་གལ་ཆེན་གྱི་སྟེང་དུ་འབད་པ་བྱེད་དགོས།

ཞིབ་མདངས་གསལ་བོ་རྒྱབ་ན། འཚོ་བའི་ཁྲོད་ཀྱི་བྱ་བ་མང་པོ་ཞིག་ནི་དངོས་གནས་དོན་གལ་ཆེན་ཞིག་མིན་སྟེ། དཔེར་ན། ལྭ་བ་མནོག་ན་བཀྲུས་པས་ཆོག ལྷམ་རློན་པ་བྱས་དུས་གཞན་ཞིག་གྱོན་པས་ཆོག དཀར་ཡོལ་བཅག་ན་གཙང་མ་ཞིག་ཕྱག་པས་ཆོག

ཅིའི་ཕྱིར་ང་ཚོ་དུས་རྒྱུན་དོན་དག་ཆུང་ཆུང་ལ་སྐྲག་ནས་གློ་བུར་བ་ཚང་མ་དཀའ་ལས་རེད་འདོད་ཀྱི་ཡོད།

ཅི་ཞིག་ལ་ང་ཚོས་བློ་ཁོག་འདི་འདྲའི་ཆུང་ཆུང་ཞིག་གིས་རང་ཉིད་ཐག་གཅོད་བྱེད་ཀྱི་ཡོད།

མི་མང་པོ་ཞིག་གིས་མི་དར་མ་དག་འཚོ་བའི་གནོན་ཤུགས་ཆེ་དྲག་པའི་དབང་གིས་བྱིས་པ་དག་གི་དོན་དག་ཕྲན་ཚེག་ལ་ཡང་གུ་ཡངས་གཏོང་ཐུབ་ཀྱི་མེད་པ་རེད་ཅེས་ཁ་གཡར་ས་བཙལ་ཀྱིན་ཡོད་མོད། དེ་ནི་ཁ་གཡར་ས་ཞིག་མ་རེད།

ཕ་མའི་འགན་ཁུར་ནི་བྱིས་པར་ཆར་རླུང་གི་གནོད་པ་འགོག་མཁན་ཞིག་ཡིན་པ་མ་གཏོགས། ཁོ་ཚོའི་འཇིག་རྟེན་དུ་ཆར་རླུང་ཕབ་མཁན་ཞིག་བྱེད་མི་ཉན།

བྱིས་པའི་འཚར་ལོངས་ཀྱི་གོ་རིམ་ནི་ལྷུན་གྱིས་གྲུབ་པ་ཞིག་མ་ཡིན་པར་ཁོ་ཚོའི་སྟེང་དུ་གནད་དོན་སྣ་ཚོགས་དང་ནོར་འཁྲུལ་མང་པོ་བཟོ་བ་གདོན་མི་ཟ།

གལ་ཏེ་གནད་དོན་ཚབས་ཆེན་ཡིན་ན་ངེས་པར་དུ་བཅའ་དགོས།

གལ་ཏེ་དོན་དག་ཆུང་ཆུང་ཡིན་ན་མིག་ཡས་ཞར་བ་དང་རྣ་ཡས་འོན་པ་བྱེད་དགོས།

ཁ་ཚོ་ནར་སོན་ན་ཇེ་ལེགས་ནས་ཇེ་ལེགས་ཡིན་ངེས།

སེམས་པ་འོད་ལ་ཕྱོགས་དུས་ཉི་འོད་མང་པོར་འཕྲད་ངེས།

བྱིས་པར་སེམས་སྐྱིད་པའི་བདེ་སྐྱིད་སྟེར་རྒྱུ་ནི་བྱ་བ་ཀུན་གྱི་གཞི་མ་ཡིན།

དེ་བས་བློ་ཁོག་ཡངས་པོས་བྱིས་པ་ནི་ལྷུན་གྱིས་གྲུབ་པ་ཞིག་མ་ཡིན་པར་གུ་ཡངས་གནང་ནས་དོན་དག་ཙག་ཙིག་རྒྱང་དུ་དོར་ཏེ། དམིགས་ཡུལ་གཙོ་བོ་མཛེས་སྡུག་དང་དོན་དག་གལ་ཆེན་གྱི་སྟེང་དུ་བཞག་ནས།་བྱིས་པ་དང་མཉམ་དུ་ལམ་ཕྱོགས་དེར་བརྩོན་དགོས།

དོན་དག་ཆུང་བ་དག་ནི་ནར་སོན་པ་དང་མཉམ་དུ་འཇའ་བཞིན་ཡལ་ངེས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།