རྒན་གསོ་ཁང་གིས་རྒན་པའི་ཤུལ་ནོར་དང་ལེན་བྱ་ཆོག་གམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

གྱོད་དཔེ།

ཨ་ཁུ་སངས་རྒྱས་ནི་རྒད་པོ་ཁེར་འདུག་ཅིག་ཡིན་ལ། དར་མའི་དུས་སུ་ཆུང་མ་ཚེ་ལས་འདས་པ་དང་། ལོ་ན་རྒས་དུས་བུ་ཕྲུག་ཀྱང་ཚེ་ལས་འདས་པས། ད་ལྟ་ཁོར་བུ་ཕྲུག་གཅིག་ཀྱང་མེད་ལ། ཤ་ཉེ་སྤུན་གྲོགས་ཀྱང་མེད། ལུས་སྟོབས་ཇེ་ཞན་དུ་གྱུར་པ་དང་བསྟུན་ནས། ཨ་ཁུ་སངས་རྒྱས་ཀྱིས་རང་ཉིད་འདས་རྗེས་ཀྱི་དོན་དག་ལ་བསམ་བློ་མི་གཏོང་ཀ་མེད་བྱུང་། གནས་ཚུལ་དེ་འདྲའི་འོག་ཏུ། ཨ་ཁུ་སངས་རྒྱས་རྒན་གསོ་ཁང་དུ་འདུག་རྒྱུ་ཐག་བཅད། ཨ་ཁུ་སངས་རྒྱས་ཀྱིས་བརྟག་དཔྱད་བྱས་རྗེས། རྒན་གསོ་ཁང་གི་འགན་འཁུར་པ་ནི་མི་སེམས་བཟང་ཞིག་རེད་སྙམ་སྟེ། རྒན་གསོ་ཁང་དང་གྲོས་དན་བཞག  གྲོས་དན་ནང་དུ་རྒན་གསོ་ཁང་གིས་ཨ་ཁུ་སངས་རྒྱས་ཀྱི་ཚེ་མཇུག་གི་འཚོ་བར་བདག་སྐྱོང་བྱེད་པའི་འགན་འཁུར་རྒྱུ་དང་། ཨ་ཁུ་སངས་རྒྱས་ཚེ་ལས་འདས་རྗེས་ཁོར་དབང་བའི་རྒྱུ་ནོར་མཐའ་དག་རྒན་གསོ་ཁང་ལ་འཇོག་རྒྱུ་ཡིན་པའི་ཁ་ཆད་བཞག་ཡོད། འདིར་འདྲི་རྒྱུ་ཞིག་ལ། རྒན་གསོ་ཁང་གིས་ཁྲིམས་ལྟར་རྒན་པའི་ཤུལ་ནོར་དང་ལེན་བྱ་ཆོག་གམ།

གྱོད་དོན་དབྱེ་ཞིབ།

གྱོད་དོན་འདི་ནི་ཤུལ་སྦྱིན་རོགས་སྐྱོང་གྲོས་མཐུན་གྱི་ཤུལ་སྦྱིན་དང་ལེན་མཁན་གྱི་ཐོབ་ཐང་གི་གནད་དོན་དང་འབྲེལ་ཡོད་དེ། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། རང་བྱུང་མིས་རྒྱུན་འཛིན་མཁན་ཕུད་པའི་རྩ་འཛུགས་སམ་མི་སྒེར་དང་ཤུལ་སྦྱིན་རོགས་སྐྱོང་གྲོས་མཐུན་བཞག་ཆོག དེའི་ཕྱིར། རྒན་གསོ་ལས་ཁུངས་ཀྱང་ཤུལ་སྦྱིན་དང་ལེན་མཁན་བྱ་ཆོག གྱོད་དོན་འདིའི་ནང་དུ། ཨ་ཁུ་སངས་རྒྱས་དང་རྒན་གསོ་ཁང་གཉིས་གྲོས་མཐུན་བྱུང་སྟེ་ཁྲིམས་མཐུན་གྱི་ཤུལ་སྦྱིན་རོགས་སྐྱོང་གྲོས་དན་བཞག་ཡོད་ལ། གྲོས་དན་ནང་རྒན་གསོ་ཁང་གིས་ཨ་ཁུ་སངས་རྒྱས་ཀྱི་ཚེ་མཇུག་གི་འཚོ་བར་བདག་སྐྱོང་བྱེད་པའི་འགན་འཁུར་རྒྱུ་དང་། ཨ་ཁུ་སངས་རྒྱས་ཚེ་ལས་འདས་རྗེས་རྒན་གསོ་ཁང་གིས་ཨ་ཁུ་སངས་རྒྱས་ཀྱི་རྒྱུ་ནོར་ཡོད་ཚད་དང་ལེན་བྱ་རྒྱུ་གཏན་འབེབས་བྱས་ཡོད། དེའི་ཕྱིར། རྒན་གསོ་ཁང་ལ་ཨ་ཁུ་སངས་རྒྱས་ཀྱི་ཤུལ་སྦྱིན་དང་ལེན་བྱེད་པའི་དབང་ཆ་ཡོད།

འབྲེལ་ཡོད་ཁྲིམས་ཚན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུངགི་དོན་ཚན1158པ། རང་བྱུང་མིས་རྒྱུན་འཛིན་པ་ཕུད་པའི་རྩ་འཛུགས་སམ་མི་སྒེར་ལ་ཤུལ་སྦྱིན་རོགས་སྐྱོང་གྲོས་དན་བཞག་ཆོག གྲོས་དན་ནང་བཞིན། རྩ་འཛུགས་སམ་མི་སྒེར་དེས་རང་བྱུང་མིའི་ཚེ་མཇུག་གི་འཚོ་བར་བདག་སྐྱོང་དང་འདས་དོན་སྒྲུབ་པའི་འོས་འགན་འཁུར་དགོས་ལ། ཤུལ་སྦྱིན་དང་ལེན་བྱེད་པའི་དབང་ཆ་ལོངས་སུ་སྤྱད་ཆོག

ཁྲིམས་ཚན་ཞིབ་འགྲེལ།

ཁྲིམས་ཚན་འདི་ནི་དམངས་དོན་ཁྲིམས་གཞུང་ལས་ཤུལ་སྦྱིན་རོགས་སྐྱོང་གྲོས་དན་སྐོར་གྱི་གཏན་འབེབས་རེད། ཤུལ་སྦྱིན་རོགས་སྐྱོང་གྲོས་དན་ཞེས་པ་ནི་ཤུལ་སྦྱིན་མཁན་དང་རོགས་སྐྱོང་མཁན་གཉིས་ཀྱི་བར་དུ་བཞག་པའི་རོགས་སྐྱོང་མཁན་གྱིས་ཤུལ་སྦྱིན་མཁན་གྱི་ཚེ་མཇུག་བདག་སྐྱོང་དང་འདས་དོན་བསྒྲུབ་པའི་འོས་འགན་འཁུར་རྒྱུ་དང་། ཤུལ་སྦྱིན་མཁན་གྱི་རྒྱུ་ནོར་དེ་ཁོ་རང་ཚེ་ལས་འདས་རྗེས་གསོ་སྐྱོང་མཁན་ལ་དབང་བ་གཏན་འབེབས་བྱས་པའི་གྲོས་དན་ལ་གོ་བ་ཡིན། ཤུལ་སྦྱིན་རོགས་སྐྱོང་གྲོས་དན་ནི་ཤུལ་སྦྱིན་མཁན་འཚོ་བཞུགས་སྐབས་སུ་ཕ་རོལ་པ་དང་གྲོས་དན་བཞག་ཡོད་ཅིང་། ཤུལ་སྦྱིན་མཁན་དང་གསོ་སྐྱོང་མཁན་གཉིས་རང་མོས་ངང་གྲོས་མཐུན་བྱུང་བའི་རྨང་གཞིའི་སྟེང་ད་གཟོད་ཚུགས་ཐུབ་པ་ཡིན། ཤུལ་སྦྱིན་མཁན་ཚེ་ལས་འདས་རྗེས་གསོ་སྐྱོང་མཁན་གྱིས་ད་གཟོད་དེ་གའི་ཤུལ་ནོར་དང་ལེན་བྱ་ཆོག་པ་ལས། ཤུལ་སྦྱིན་མཁན་འཚོ་བཞུགས་སྐབས་སུ་དེའི་རྒྱུ་ནོར་དང་ལེན་བྱེད་རྒྱུའི་རེ་བ་བཏོན་མི་ཆོག དེ་དང་ཆབས་ཅིག རང་རྒྱལ་གྱི་བཅའ་ཁྲིམས་ནང་བླང་བྱ་བཏོན་དོན། དོ་བདག་པས་གཞུང་དཔང་ལས་ཁུངས་ལ་ཤུལ་སྦྱིན་རོགས་སྐྱོང་གྲོས་དན་སྤྲོད་དགོས།

དམངས་དོན་ཁྲིམས་གཞུང་གིས་དེ་སྔའི་རྒྱུན་འཛིན་བཅའ་ཁྲིམས་ཀྱི་རྨང་གཞིའི་སྟེང་རོགས་སྐྱོང་མཁན་གྱི་ཁྱབ་ཁོངས་རྒྱ་བསྐྱེད་ཡོད་ལ། རང་བྱུང་མིས་རྒྱུན་འཛིན་པ་ཕུད་པའི་རྩ་འཛུགས་སམ་མི་སྒེར་དང་ཤུལ་སྦྱིན་རོགས་སྐྱོང་གྲོས་དན་བཞག་ཆོག་པ་གསལ་པོ་བྱས་ཡོད། འདི་ལས་ཤུལ་སྦྱིན་དང་ལེན་བྱེད་དབང་ལོངས་སུ་སྤྱོད་པ་དང་། རང་བྱུང་མི་འཚོ་བཞུགས་སྐབས་སུ་བདག་སྐྱོང་དང་འདས་དོན་སྒྲུབ་པའི་འོས་འགན་འཁུར་བའི་རོགས་སྐྱོང་མཁན་ནི། མ་གཞི་ནས་ཐུན་མོང་ལ་དབང་བའི་རྩ་འཛུགས་ཡིན་ཆོག་པར་མ་ཟད། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་དང་མཐུན་པའི་འབྲེལ་ཡོད་རྩ་འཛུགས་ཡིན་ཡང་ཆོག་སྟེ། དཔེར་ན་ཁྲིམས་མི་དང་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་སོགས་རིགས་མི་གཅིག་པའི་རྒན་གསོ་ལས་ཁུངས་ཀྱང་ཤུལ་སྦྱིན་དང་ལེན་མཁན་བྱ་ཆོག་པ་ཤེས་ཐུབ།

ཤུལ་སྦྱིན་རོགས་སྐྱོང་གྲོས་དན་ལ་ནུས་པ་ཐོན་པའི་དུས་ནས་བཟུང་སྟེ། ཕྱོགས་གཉིས་ཀས་ངེས་པར་དུ་བརྩི་སྲུང་བྱས་ཏེ་དངོས་གནས་ལག་བསྟར་བྱེད་དགོས། ཕྱོགས་གང་གིས་ཀྱང་གང་འདོད་དུ་བསྒྱུར་བཅོས་དང་ཕྱིར་འཐེན་བྱ་མི་ཆོག ཤུལ་སྦྱིན་རོགས་སྐྱོང་གྲོས་དན་ནང་། ཕྱོགས་གཉིས་ཀར་དེ་བསྟུན་གྱི་དབང་ཆ་དང་འོས་འགན་ཡོད། ཤུལ་སྦྱིན་མཁན་གྱིས་གྲོས་དན་ནང་གི་རྒྱུ་ནོར་དེ་ལོགས་སུ་མི་གཞན་ལ་བགོས་མི་ཆོག ཤུལ་སྦྱིན་མཁན་གྱིས་ལུགས་མཐུན་གྱི་རྒྱུ་མཚན་མེད་པར་གྲོས་དན་བརྩི་སྲུང་མ་བྱས་པར་ཕྱོགས་གཉིས་ཀའི་གྲོས་དན་རྩིས་མེད་དུ་བཏང་བ་ཡིན་ན། རོགས་སྐྱོང་མཁན་གྱིས་བཏོན་ཟིན་པའི་རོགས་སྐྱོང་གྲོན་དངུལ་སྐྱིན་ཚབ་སྤྲོད་དགོས། དེ་ཡང་གལ་ཏེ་ཕྱོགས་གཉིས་ཀ་གྲོས་མཐུན་བྱུང་བའམ་ཡང་ན་རོགས་སྐྱོང་མཁན་གྱི་རོགས་སྐྱོང་ནུས་པ་ཤོར་བ་ཡིན་ན། ཤུལ་སྦྱིན་མཁན་གྱིས་ཤུལ་སྦྱིན་རོགས་སྐྱོང་གྲོས་དན་མཚམས་འཇོག་རྒྱུའི་རེ་བ་བཏོན་ཆོག །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།