ཀལ་ཁ་གསབ་བྱ་ཆེད་མི་མང་པོ་ཞིག་གིས་རུས་ཐང་འཐུང་བ་དང་ཀལ་ལེབ་ཟ་བ། ཉི་མར་ལྡེ་པ་སོགས་བྱེད་ཐབས་སྣ་ཚོགས་ཚོད་ལྟ་བྱེད་ཀྱི་ཡོད་མོད། འོན་ཀྱང་དོན་དམ་པར་མི་རྣམས་ཀྱིས་འཚོ་བའི་ཁྲོད་རྒྱུན་པར་སྒྲུབ་པའི་དོན་དག་ཆུང་ཆུང་འདིས་ཀལ་ཁ་གསབ་ཐུབ་རྒྱུ་ལྟ་ཞོག་དེ་ལས་ལྡོག་སྟེ་རུས་པ་ཇེ་སོབ་ཏུ་གཏོང་གི་ཡོད།
ཚྭ་ཡིས་རུས་པ་གཏོར་བ།
ཞིབ་འཇུག་གི་མཇུག་འབྲས་མང་པོ་ཞིག་ལས་མངོན་པ་ལྟར་ན། ཚད་ལས་བརྒལ་བའི་ཚྭ་ཟོས་པ་དང་རུས་གཞི་སོབ་སོབ་ཏུ་གྱུར་པ་གཉིས་ལ་འབྲེལ་བ་དམ་ཟབ་ཡོད།
དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་ནང་། ཞིབ་འཇུག་པས་ཚད་ལས་བརྒལ་བའི་ཚྭ་ཟོས་ན་ཙི་གུའི་གཅིན་པའི་ཁྲོད་ཀལ་ཕྱིར་གཏོང་བྱེད་ཚད་མངོན་གསལ་དོད་པོས་ཇེ་མང་དུ་འགྲོ་བ་ཤེས་རྟོགས་བྱུང་བས། ཚན་རིག་པས་ཐོག་མར་ནཱ་གྱེས་རྡུལ་ཕལ་ཆེར་རུས་གཞི་སོབ་སོབ་དུ་འགྱུར་བའི་བརྒྱུད་རིམ་ཁྲོད་ཞུགས་ཡོད་པ་ཤེས།
གཅིག་མཚུངས་ཀྱི་དོན་དག་དེ་མིའི་ལུས་སྟེང་དུའང་བྱུང་ཡོད། ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཚྭ་ཉུང་ཉུང་ཟ་བའི་མི་དང་བསྡུར་ན། ཚྭ་མང་པོ་ཟ་བའི་མིར་རུས་སོབ་ནད་དང་ཚིགས་རུས་ཆག་པ། ཀལ་མཐོ་གཅིན་སོགས་དམིགས་ཚད་དྲུག་གི་ནད་ཕོག་ཚད་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་ཡོད།
གཞན་ཡང་། ཚྭ་ཟ་རྒྱུ་མང་དྲགས་ན། ལུས་སྟེང་གི་ཀལ་དེ་གཅིན་དང་འགྲོགས་ནས་ཤོར་འགྲོ་ཁར། ད་དུང་རུས་རྐང་ལ་གནོད་སྐྱོན་ཐེབས་སྲིད། རྒྱུ་མཚན་ནི་ཚྭའི་ཁྲོད་ཀྱི་ནཱ་གྱེས་རྡུལ་དང་རུས་རྐང་གི་ཀལ་གྱེས་རྡུལ་ནི་གཅིག་མཚུངས་སུ་གནས་ཐབས་བྲལ་བས་རེད།
མི་མང་པོ་ཞིག་གི་ཚྭ་བཟའ་ཚད་ཚད་ལས་བརྒལ་ཡོད།
ཀྲུང་གོའི་གྲོང་མིའི་བཟའ་བཅའི་མཛུབ་སྟོན་གྱི་པར་གཞི་གསར་ཤོས་ནང་། ཉིན་རེའི་ཚྭ་བཟའ་ཚད་ཁེ5ཡི་ནང་ཚུན་དུ་ཚོད་འཛིན་བྱེད་དགོས་པའི་གྲོས་མགོ་བཏོན་ཡོད་མོད། འོན་ཀྱང་དོན་དམ་པར་ཀྲུང་གོ་བའི་ཆ་སྙོམས་ཀྱི་ཚྭ་བཟའ་ཚད་ཁེ10.5ལ་སླེབས་ཡོད།
བསྡོམས་རྩིས་ཁྲོད་ཚད་ལས་བརྒལ་བའི་ཚྭ་ནི་དོན་དམ་པར་ནཱ་རེད། དེར་འབྱུང་ཁུངས་སྣ་མང་ཡོད། དཔེར་ན་མི་མང་པོས་ཟ་མ་ཟ་སྐབས། ཚྭ་ཉུང་ཙམ་དང་སྲན་སྣུམ་ཉུང་ཙམ། ཉ་སོག་གི་ཚི་ལུ་ཉུང་ཙམ་བཅས་ལྡུག་རྒྱུར་དགའ་བས། མཇུག་མཐར་ནཱ་ཧ་ཅང་མང་པོ་ཟོས་ཡོད།
དྲན་སྐུལ་བྱེད་རྒྱུ་ཞིག་ནི། རྒན་རྒོན་ནི་ཚྭ་བཟའ་ཚད་ཚད་ལས་བརྒལ་མཁན་གྱི་ཚོགས་སྤྱི་ཞིག་རེད། ལོ་ན་ཆེ་རུ་སོང་བ་དང་བསྟུན་ནས། མིའི་རོ་འཛིན་དང་ཤེས་ཚོར་ཡང་ཉམས་ཞན་དུ་འགྲོ་བཞིན་ཡོད།
ཟས་རིགས་ལ་བྲོ་བ་ལྡན་ཆེད། རྒན་རྒོན་ལ་ལས་རང་ཚོད་མི་ཟིན་པར་ཚྭ་ཡང་སྣོན་བསྐྱར་སྣོན་བྱེད་བཞིན་ཡོད། ཚད་ལས་བརྒལ་བའི་ཚྭ་ཡིས་རྒན་རྒོན་གྱི་ཀལ་ཤོར་ཚད་ཇེ་མགྱོགས་སུ་བཏང་བར་མ་ཟད། རུས་པ་ཆག་པའི་ཉེན་ཁ་ཆེ་རུ་གཏོང་བཞིན་ཡོད་ལ། ད་དུང་མཆིན་པ་དང་མཁལ་མའི་རྙིང་ཚབ་གསར་བརྗེའི་ཁུར་པོ་ཇེ་ལྕི་རུ་བཏང་ཞིང་། སྙིང་གི་ནུས་པར་གནོད་འཚེ་གཏོང་གི་ཡོད།
རྒྱུན་ལྡན་འཚོ་བའི་ཁྲོད་ཚྭ་ཇི་ལྟར་ཚོད་འཛིན་བྱེད་དགོས་སམ།
ཁྱིམ་ཚང་གི་བཟའ་བྱའི་ཚྭ་ཟ་ཚད་ལ་དཔྱད་དཔོག་བྱེད་པ།
ཚྭ་ཉོ་ཐེངས་རེར་ཚྭ་ཁུག་གི་སྟེང་དུ་ཉོ་དུས་ཀྱི་ཟླ་ཚེས་འབྲི་བ་དང་། ཚྭ་ཁུག་གཅིག་ཟོས་ཚར་བའི་དུས་ཚོད་ལྟར་ཉིན་རེར་མི་རེས་ཚྭ་ག་ཚོད་ཟོས་པ་རྩིས་བརྒྱག་དགོས། བསྡོམས་རྩིས་ཀྱི་མཇུག་འབྲས་ཐོན་རྗེས། དེ་གཞིར་བཟུང་ནས་ཁྱིམ་ཚང་གི་དུས་འཁོར་རང་བཞིན་གྱི་ཚྭ་ཉུང་གཏོང་བྱེད་དགོས།
ཚྭ་འདུས་པའི་བྲོ་རྫས་ཉུང་དུ་གཏོང་བ།
སྲན་སྣུམ་དང་ཉ་སོག་གི་ཚི་ལུ། བྱ་རྩི་སོགས་བྲོ་རྫས་སྣ་ཚོགས་ཁྲོད་དུ་ཚྭ་མི་ཉུང་བ་འདུས་ཡོད་པས། ཟ་མ་ཟ་སྐབས་བྲོ་རྫས་རིགས་གཉིས་སམ་རིགས་གཉིས་ཀྱི་ཡན་བསྐྱར་ཟློས་ངང་བེད་མ་སྤྱད་ན་ལེགས།
ནཱ་འདུས་ཚད་ཉུང་བའི་ཚྭ་བེད་སྤྱོད་པ།
མཁལ་མའི་བྱེད་ནུས་རྒྱུན་ལྡན་ཡིན་ན། ནཱ་འདུས་ཚད་ཉུང་བའི་ཚྭ་ཡིས་ཚྭ་ཕལ་བའི་ཚབ་བྱེད་ཆོག
ཚྭ་ཕལ་བར་གོམས་པའི་མི་ལ་མཚོན་ན། ནཱ་འདུས་ཚད་ཉུང་བའི་ཚྭ་སྤྱོད་སྐབས་ཚྭ་ལ་བྲོ་བ་མེད་པས་མང་ཙམ་ལྡུག་སྲིད། དེས་ན་སྔོན་ལ་ཚྭ་ཉུང་བའི་ཟས་རིགས་བཟའ་བར་གོམས་སུ་བཅུག་རྗེས་ད་གཟོད་ནཱ་འདུས་ཚད་ཉུང་བའི་ཚྭ་ལ་བརྗེས་ན་འོས་ཤིང་འཚམ།
རྒྱུན་ལྡན་དང་ཚྭ་ཉུང་བ། ཚྭ་མེད་ཟ་མ་བཅས་འཁོར་སྐྱོད་ཀྱི་ཚྭ་ཉུང་གཏོང་བྱེད་ཐབས།
ལུས་པོའི་ལྗིད་ཚད་ཇེ་དམའ་རུ་གཏོང་སྐབས་ཟས་གཅོད་པ་དང་འདྲ་བར། ཚྭ་ཉུང་དུ་གཏོང་སྐབས་ཀྱང་རྒྱུན་ལྡན་དང་ཚྭ་ཉུང་བ། ཚྭ་མེད་ཟ་མ་བཅས་འཁོར་སྐྱོད་བྱེད་པའི་བྱེད་ཐབས་སྤྱད་ཆོག
གཟའ་མཇུག་གི་ཉིན་གཅིག་ལ་ཚྭ་མེད་ཟས་རིགས་བཟའ་བ་དང་། གཟའ་ཟླ་བ་ནས་གཟའ་ལྷག་པའི་བར་དུ་ཚྭ་ཉུང་བའི་ཟས་རིགས་བཟའ་བའམ་མངག་སྐྱེལ་ཟས་རིགས་ཆུའི་ནང་བཤལ་ནས་ཚྭ་ཉུང་དུ་གཏོང་བ། གཟའ་ཕུར་བུ་ནས་གཟའ་པ་སངས་བར་རྒྱུན་ལྡན་ལྟར་ཟ་མ་བཟའ་བ། དེ་ལྟར་འཁོར་སྐྱོད་བྱས་ན། རིམ་བཞིན་ཟས་རིགས་ཀྱི་ཚྭ་མེད་བྲོ་བ་དངོས་ལ་དགའ་པོར་འགྱུར་སྲིད། །