གནམ་གཤིས་ཚ་བ་ཆེ་དུས་སྙིང་ནད་སྔོན་འགོག་གི་འཛེམ་བྱ་གསུམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

དབྱར་ཟླ་ར་བར་གནམ་གཤིས་ཚ་དྲོད་འཕེལ་སྒང་ཡིན་པས། རང་རྒྱལ་གྱི་ས་ཆ་ཕལ་ཆེ་བའི་དྲོད་ཚད་ཏུའུ30ཡས་མས་ལ་སླེབས་ཀྱིན་ཡོད། ཞིབ་འཇུག་ལས་མངོན་པ་ལྟར་ན། གནམ་གཤིས་དྲོད་ཚད་ཏུའུ31ལས་བརྒལ་ཚེ། རྒན་རྒོན་སོགས་ལུས་ཟུངས་ལྟོས་བཅས་ཀྱིས་ཞན་པའི་མི་ཚོགས་ལ་མཚོན་ན་ལུས་པོ་མི་བདེ་བའི་ཚོར་སྣང་འབྱུང་སྲིད་པ་དང་། དྲོད་ཚད་ཏུའུ34ལས་བརྒལ་ཚེ།  སྙིང་ནད་ཡོད་པའི་ནད་པའི་ཚེ་སྲོག་ལ་ཉེན་ཁ་འཕྲད་སྲིད། དེས་ན། གནམ་གཤིས་ཚ་བ་ཆེ་དུས་ཐོལ་བྱུང་སྙིང་ནད་ཇི་ལྟར་སྔོན་འགོག་བྱེད་དགོས་སམ་ཞེ་ན། ང་ཚོས་མཉམ་དུ་འདིའི་སྐོར་གྱི་འཛེམ་བྱ་གསུམ་ལ་རྒྱུས་ལོན་ཞིག་བྱ།

1.དྲོད་ཚད་མཐོ་བའི་ཁོར་ཡུག་འོག་ཏུ་འགུལ་སྐྱོད་དྲག་པོ་བྱེད་མི་རུང་།

དྲོད་ཚད་མཐོ་བའི་ཁོར་ཡུག་འོག་ཏུ་འགུལ་སྐྱོད་དྲག་པོ་བྱས་ན་སྙིང་གི་འཕར་ལྡིང་ཤུགས་ཆེ་ཞིང་། ཁྲག་ཤེད་དང་ཁྲག་གི་འཁོར་རྒྱུག་འདང་ངེས་ཤིག་རྒྱུན་འཁྱོངས་བྱེད་དགོས་སྟབས། སྙིང་གི་ཁུར་པོ་ཇེ་ལྕི་རུ་འགྲོ་བ་དང་། ལྷག་པར་འཕར་རྩ་འདག་ཅན་སྲ་མཁྲེགས་སུ་གྱུར་པའི་ནད་པར་མཚོན་ན། སྙིང་རྩར་ཁྲག་མི་འདང་བ་དང་ཐ་ན་སྙིང་རྩ་འགག་པ་སོགས་སྙིང་ཁམས་ཁྲག་རྩའི་ནད་ཚབས་ཆེན་ཕོག་སྲིད།

2.ཚ་དྲོད་ཆེ་དུས་ཆུ་མགྱོགས་པོར་རྔམ་འཐུང་བྱེད་མི་རུང་།

ལུས་པོར་ཆུ་འོས་འཚམ་ཁ་གསབ་བྱས་ན་ཁྲག་གི་འབྱར་ཚད་ཇེ་ཆུང་དུ་གཏོང་ཐུབ་མོད། འོན་ཀྱང་ཐེངས་གཅིག་ལ་མགྱོགས་མྱུར་ངང་ཆུ་མང་པོ་རྔམ་འཐུང་བྱས་ན་ཆུ་ལམ་སང་ཁྲག་གི་ནང་དུ་སིམས་ཏེ། ཁྲག་གི་ཤོང་ཚད་ཇེ་ཆེར་སོང་ནས་སྙིང་གི་ཁུར་པོ་ཇེ་ལྕི་རུ་འགྲོ་སྲིད། ལྷག་པར་སྙིང་ནད་ཁྲག་གཟེར་ཡོད་པའི་ནད་པར་མཚོན་ན། བྲང་ཁོག་བསྡམས་ནས་དབུགས་ཧལ་བ་སོགས་ཀྱི་ནད་རྟགས་འབྱུང་སྲིད་པ་མ་ཟད། ཚབས་ཆེ་ན་སྙིང་རྩ་འགག་པའི་ནད་ཀྱང་འབྱུང་སྲིད། དྲན་སྐུལ་ཞུ་རྒྱུ་ཞིག་ལ། དབྱར་དུས་ཆུ་འཐུང་སྐབས་ཚད་ཉུང་ཙམ་ངང་ཐེངས་མང་པོར་འཐུང་དགོས་ཤིང་། ཐེངས་རེར་ཆུ་ཧའོ་ཧྲེང100ནས150བར་འཐུང་དགོས།

3.ཁང་པའི་ནང་འཛུལ་མ་ཐག་དྲོད་སྙོམ་འཕྲུལ་ཆས་ལ་ཁ་གཏད་མི་རུང་།

ཚ་དྲོད་ཆེ་བའི་ཕྱི་རོལ་ཡུལ་ནས་ཁང་པའི་ནང་དུ་འཛུལ་མ་ཐག་དྲོད་སྙོམ་འཕྲུལ་ཆས་ལ་ཁ་གཏད་ན་ལུས་པོ་གྲང་བསིལ་བསིལ་གྱི་སྣང་བ་སྐྱིད་པོ་ཞིག་ཡོང་གིན་ཡོད། ཡིན་ནའང་དེ་ལྟར་བྱས་ན་སྙིང་རྩར་གནོད་པ་ཧ་ཅང་ཆེ་ཞིང་གློ་བུར་དུ་ན་ཡང་སྲིད། དེས་ན། ང་ཚོས་དྲོད་སྙོམ་འཕྲུལ་ཆས་བེད་སྤྱོད་གཏོང་སྐབས། སྙིང་རྩ་འཁུམ་འདུ་རྒྱུན་ལྡན་མིན་པའི་ནད་གཞི་སྔོན་འགོག་བྱ་ཆེད། ཐག་ཉེ་ས་ནས་དྲོད་སྙོམ་འཕྲུལ་ཆས་ལ་ཐད་ཀར་ཁ་གཏད་མི་རུང་བ་སེམས་ལ་ངེས་དགོས། །

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།