ཉི་འགོག་ཤུགས་ཆེ་དྲག་ན་རུས་སོབ་ནད་ཕོག་པའི་ཉེན་ཁ་འདུག

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

དབྱར་ཁ་ཚ་བ་ཆེ་བའི་དུས་སུ་སྨུག་ཕྱིའི་འོད་ཟེར་གྱི་གནོད་པ་འགོག་ཆེད་མི་མང་པོ་ཞིག་གིས་ཕྱི་རོལ་ཏུ་སྐྱོད་སྐབས་ཉི་འགོག་ལ་དོ་སྣང་བྱེད་ཀྱིན་ཡོད། འོན་ཀྱང་། ལོ26ལ་སླེབས་པའི་བུ་མོ་ཞིག་གིས་དུས་ཡུན་རིང་པོར་ཉི་འགོག་བྱས་དྲག་པའི་རྐྱེན་གྱིས་དགོང་མོར་ཉལ་ཁྲིའི་སྟེང་དུ་ཨ་ལོག་རྒྱག་སྐབས་སྟབས་མ་ལེགས་པར་རུས་པ་ཆག་པ་དང་། རུས་སོབ་ནད་ཕོག་པ་གཏན་འཁེལ་བྱུང་བའི་གསར་འགྱུར་ཞིག་ལ་ཉེ་དུས་དོ་ཁུར་བྱེད་མཁན་མང་པོ་བྱུང་ཡོད། འོ་ན། ཉི་འགོག་བྱས་དྲག་པའི་རྐྱེན་གྱིས་རུས་སོབ་ནད་ཕོག་པའི་རྒྱུ་མཚན་གང་ཡིན། ཇི་ལྟར་བྱས་ན་ཉི་འགོག་དང་ཀལ་ཁ་གསབ་གཉིས་བར་ཚད་རན་པོ་ཞིག་ཡོང་ཐུབ་ཅེ་ན།

ཚད་ལས་བརྒལ་བའི་ཉི་འགོག་གིས་རུས་པ་སོབ་སོབ་ཏུ་འགྱུར་དོན་ཅི་ཡིན།

རུས་པ་སོབ་སོབ་ནི་རྙིང་ཚབ་གསར་བརྗེའི་རང་བཞིན་གྱི་རུས་ནད་ཚབས་ཆེན་ཞིག་ཡིན་པ་དང་། གཙོ་བོ་རུས་པ་ཆགས་ཚད་ཉུང་བ་དང་། རུས་པ་བསྡུ་ལེན་བྱེད་ཚད་མང་དུ་ཕྱིན་པའི་རྐྱེན་གྱིས་རེད། དེ་ཡང་གོ་བདེ་བར་བཤད་ན་རུས་པའི་རྙིང་ཚབ་གསར་བརྗེའི་ནུས་པ་ཞན་པ་དང་། རུས་པ་ཆག་སྐྱོན་ཤོར་སླ་བ་དང་སོབ་སོབ་ཏུ་འགྱུར་བ་རེད། རུས་པ་སོབ་སོབ་ཏུ་འགྱུར་བའི་རྒྱུ་རྐྱེན་ཧ་ཅང་རྙོག་འཛིང་ཆེ་ཞིང་། དཔེར་ན་ལོ་ཆེ་རུ་ཕྱིན་པ་དང་། འཚོ་བཅུད་དོ་སྙོམས་ཡིན་མིན། འགུལ་སྐྱོད་འདང་མིན། ད་དུང་མོ་སྐུལ་རྩི་ཡི་གནད་དོན། སྨན་རྫས་སྤྱོད་མིན་སོགས་རྒྱུ་རྐྱེན་མང་པོ་ཞིག་ལས་བྱུང་བ་རེད།

ནད་ཐོག་ནས་བལྟས་ན་རུས་པ་སོབ་སོབ་ཡིན་པའི་མི་ཚོགས་ན་གཞོན་ཅན་དུ་འགྱུར་མགོ་ཚུགས་པ་དེ་ཚད་ལས་བརྒལ་བའི་ཉི་འགོག་དང་འབྲེལ་བ་དམ་ཟབ་ཡོད། དུས་ཡུན་རིང་པོར་ཉི་གདུགས་དང་ཉི་འགོག་བྱུག་རྫས་སྤྱོད་པའམ་ཡང་ན་ཕྱི་རོལ་གྱི་བྱེད་སྒོ་ཉུང་དུ་གཏོང་བ་སོགས་བྱས་ཚེ། སྐྱི་པགས་ལ་སྨུག་ཕྱིའི་འོད་ཐིག་གི་འོད་མི་འདང་བ་དང་འཚོ་བཅུདDཡི་འདྲེས་སྦྱོར་ལ་ཤུགས་རྐྱེན་ཐེབས་པ། འཚོ་བཅུདDམི་འདང་བ་དེས་རྒྱུ་མའི་ཀལ་བསྡུ་ལེན་ཚད་ཇེ་ཉུང་དུ་བཏང་བས། ཁྲག་ཀལ་གྱི་ཆུ་ཚད་ཇེ་དམའ་རུ་འགྲོ་བ་དང་དེ་ནས་ཨོལ་མདུད་གཤེར་རྨེན་སྐུལ་རྩི་ཟགས་ཐོན་བྱེད་ཚད་ཇེ་མང་དུ་འགྲོ་བ། རུས་ཀལ་དེ་ཁྲག་རྒྱུན་ནང་ཡུན་རིང་སྤྱད་ནས་རུས་པ་སོབ་སོབ་ཀྱི་ཉེན་ཁ་ཆེ་རུ་འགྲོ་བ་རེད།

མི་དར་མའི་ངོས་ནས་བརྗོད་ན་འཚོ་བཅུདDམ་འདང་ཚེ། རུས་པ་སོབ་སོབ་ཀྱི་ནད་གཞི་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་བ་དང་། བྱིས་པ་དང་གཞོན་ནུ་ལོ་ཆུང་གི་ངོས་ནས་བརྗོད་ན། གཟུགས་པོའི་རིང་ཚད་དང་སྐྱེ་འཚར་གཞན་དག་ལ་ཤུགས་རྐྱེན་ཐེབས་སྲིད།

ཚན་རིག་དང་མཐུན་པའི་སྒོ་ནས་འཚོ་བཅུདDཇི་ལྟར་ཁ་གསབ་བྱེད་དགོས།

འཚོ་བཅུདDནི་ལོ་ཚོད་མི་འདྲ་བའི་མི་ཚོགས་ཀྱི་བདེ་ཐང་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། རུས་གསོ་དང་རྙིང་ཚབ་གསར་བརྗེར་ཕན་ཐོགས་ཡོད་པ་མ་ཟད། ད་དུང་སྙིང་དང་ཀླད་པར་སྲུང་སྐྱོབ་དང་། གཅིན་སྙི་ཟ་ཁུའི་ནད་སྔོན་འགོག སེམས་པ་སྐྱིད་པོ་དང་བདེ་མོ་ཡོང་བ་བཅས་ལ་ཕན་ཐོགས་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། མིའི་ལུས་ཕུང་གི་བརྒྱ་ཆའི་བརྒྱད་ཅུ་ནས་བརྒྱ་ཆའི་དགུ་བཅུ་ཡི་འཚོ་བཅུདDནི་སྐྱི་པགས་བརྒྱུད་ནས་སྨུག་ཕྱིའི་འོད་ཐིགBའོག་ཏུ་འདྲེས་ནས་གྲུབ་པ་རེད། སྨུག་ཕྱིའི་འོད་ཤུགས་ཆེ་ཤོས་ཀྱི་སྔ་དྲོའི་ཆུ་ཚོད10པ་ནས་ཕྱི་དྲོའི་ཆུ་ཚོད4པའི་བར་གྱི་ཚ་གདུག་ཆེ་ཤོས་ཀྱི་དུས་མཚམས་གཡོལ་ནས། ཐད་ཀར་དཔུང་བ་དང་རྐང་པའམ་ཡང་ན་ངོ་གདོང་ཉི་འོད་འོག་དམར་རྗེན་དུ་སྟོན་པ་དང་། ཉིན་རེར་སྐར་མ30ཡི་ནང་ཚུན་དུ་ཉི་མ་བསྲོས་ཚེ། མིའི་ལུས་པོའི་འཚོ་བཅུདDཡི་དགོས་མཁོ་གཞི་རྩའི་ཆ་ནས་སྐོང་ཐུབ། གལ་ཏེ་ཕྱི་རོལ་གྱི་བྱ་འགུལ་ཉུང་ན་འཚོ་བཅུདDཁ་གསབ་རྫས་ཉིན་རེར400IUཙམ་ཟོས་ན་ཆོག གཞན་ཡང་བཟའ་བཏུང་ལའང་སྣང་ཆུང་བྱེད་མི་རུང་། ཟས་རིགས་ལས་ཐོབ་ཐུབ་པའི་འཚོ་བཅུདDམང་པོ་མེད་མོད། འོན་ཀྱང་ཟས་རིགས་ཁ་ཤས་དཔེར་ན་སྒོང་སེར་དང་འོ་མ་སོགས་ཀྱིས་ཀྱང་འཚོ་བཅུདDངེས་ཅན་ཁ་གསབ་བྱེད་ཐུབ་པ་དང་། ཟས་རིགས་འདིའི་རིགས་མང་ཙམ་རོལ་ན་ཆོག །

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།