ཞོགས་པའི་གོམས་གཤིས་ངན་པ་འདི་གསུམ་དོར་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཞོགས་པར་གཉིད་ལས་སད་རྗེས་ཀྱི་དུས་ཚོད་དེ་ནི་ལུས་པོ་གསོ་བའི་དུས་ཚོད་ཡག་ཤོས་ཤིག་རེད་མོད། འོན་ཀྱང་ཡར་ལངས་རྗེས་ཀྱི་གོམས་གཤིས་འདི་གསུམ་མ་དོར་ན་ལུས་པོར་གནོད་པ་ཆེན་པོ་ཡོད།

གཅིག ཧོབ་སྟེ་ཡར་ལངས་པ། གཉིད་ལ་ཡུར་བའི་སྐབས་སུ་ཀླད་པའི་སྐྱི་མོ་གཉིད་ལ་ཡུར་ཞིང་། ལུས་ཁམས་ཀྱི་བྱེད་ནུས་སོ་སོ་ཡང་འཁོར་སྐྱོད་དལ་བའི་སྐབས་ཡིན་པས། རྙིགས་དོར་གསར་བརྗེ་འགོར་བ་དང་། སྙིང་ཁ་འཕར་ཤུགས་ཆུང་བ། ཁྲག་ཤེད་ཇེ་དམའ་རུ་འགྲོ་བ་བཅས་ཀྱི་ཁྱད་ཆོས་ལྡན། གཉིད་ལས་སད་མ་ཐག་ད་དུང་གཉིད་ལ་ཡུར་བའི་སྐབས་ཀྱི་གོང་གསལ་ཁྱད་ཆོས་དེ་དག་ཡོད་པས། ཧོབ་སྟེ་ལངས་ན་ཀླད་པར་ཁྲག་མཁོ་འདོན་མི་འདང་བར་གྲིབ་ནད་ཕོག་པ་དང་གློ་བུར་དུ་ཚེ་ལས་འདས་པ་སོགས་ཀྱི་ཉེན་ཁ་ཡོད།

གཉིས། ཡར་ལངས་རྗེས་སྦྲང་རྩི་བླུགས་པའི་ཆུ་དང་ཚྭ་ཆུ་འཐུང་བ། མི་ཁ་ཤས་ཞོགས་པ་ཡར་ལངས་རྗེས་སྦྲང་རྩི་བླུགས་པའི་ཆུ་དང་ཚྭ་ཆུ་འཐུང་རྒྱུར་དགའ། དོན་དངོས་སུ་བྱེད་སྟངས་དེའི་རིགས་ནི་ནོར་འཁྲུལ་གྱི་བྱེད་སྟངས་ཤིག་རེད། ཡར་ལངས་མ་ཐག་ཚྭ་ཆུ་འཐུང་ན་ཉིན་གཅིག་རིང་ལུས་པོར་མཁོ་བའི་ཚྭའི་སྤྱི་འབོར་མང་དྲགས་ནས་རུས་པ་སོབ་སོབ་ཆགས་པ་དང་ཁྲག་ཤེད་རྒྱས་པ་སོགས་ཀྱི་ཉེན་ཁ་འབྱུང་སྲིད། དེ་མིན་སྦྲང་རྩིའི་གྲུབ་ཆ་མང་ཤོས་ནི་མངར་ཆ་ཡིན་པས། ཡར་ལངས་མ་ཐག་སྦྲང་རྩི་བླུགས་པའི་ཆུ་འཐུང་ན་ལུས་སྟེང་གི་ཁྲག་མངར་གར་ཚད་མཐོ་རུ་འགྲོ་བས། གཅིན་པ་མངར་འགྱུར་གྱི་ནད་པར་ཤིན་ཏུ་གནོད་པ་ཡོད།

གསུམ། ཞོགས་ཟས་དུས་ཐོག་ཏུ་མི་ཟ་བ། ལས་ཀར་འགྲོ་མཁན་དང་སློབ་གྲྭར་འགྲོ་མཁན་གྱི་མི་ཚོགས་ལ་མཚོན་ན། ཞོགས་པར་བྲེལ་བ་ཆེ་བས། མི་ལ་ལས་གཉིད་ཉལ་བའི་དུས་ཚོད་སྐར་མ་ཁ་ཤས་ཙམ་བརྩོན་ལེན་བྱེད་ཆེད་ཞོགས་ཟས་མི་ཟ་བ་རེད། བྱེད་སྟངས་དེའི་རིགས་ཀྱིས་ཕོ་བའི་ནད་ཕོག་པ་དང་མཁྲིས་རྡོ་ཆགས་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད་ལ། ད་དུང་ཤ་རྒྱགས་པ་ཆགས་པ་དང་ཤེས་ནུས་ཉམས་པ་སོགས་ཀྱང་འབྱུང་སྲིད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།