ནམ་རྒྱུན་འཚོ་བའི་ནང་མི་མང་པོ་ཞིག་གིས་ཕྱི་ལུས་ཀྱི་མཛེས་པའི་འདོད་ཡོན་ལ་ཆགས་ནས། སྐྲ་བཞར་ཁང་ངམ་ཡང་ན་རང་ཁྱིམ་གྱི་གནས་ཡུལ་གང་རུང་དུ། ཕ་མ་གཉིས་ཀྱིས་སྦྱིན་པའི་གནག་སྣུམ་མགོ་སྐྱེས་སྐྲ་ལོ་འཇམ་པོ་དེ་ཁུ་སིམ་ཞི་ལྷོད་དུ་མི་འཇོག་པར། ཞར་དང་ཞོར་དུ་མེ་ལྕགས་ཚ་པོས་ཤུགས་ཀྱིས་འཐེན་ནས་འགྱིག་བཞིན་ཚིག་རིལ་གཏོང་བའམ་ཡང་ནས་ཡང་དུ་ཚོས་གཞི་དམར་སེར་འཇའ་ཚོན་ལྟ་བུ་འདྲ་མིན་སྣ་ཚོགས་བསྐུས་ནས་རང་ཉིད་མི་ཚོགས་ཁྲོད་དུ་སྙིང་རྗེ་པོ་ཡོང་ཐབས་བྱེད་ཀྱི་ཡོད། དོན་དམ་དུ། དེ་འདྲའི་དུས་རབས་ཀྱི་དབྱིངས་དང་མཐུན་པའི་མཛེས་པའི་རྒྱབ་རོལ་དུ་གཟུགས་པོའི་བདེ་ཐང་ལ་གནོད་པའི་རྐྱེན་ངན་སྣ་ཚོགས་རྐུན་ཇག་བཞིན་འཇབ་ནས་ཡོད།
གཅིག སྐྲ་ཚོས་བརྒྱབ་ན་ལུས་ལ་གནོད་པ་ཆེ།
1.ལུས་པོའི་སྐྱི་པགས་ལ་གནོད་པ།
མི་འགའ་ཤས་སྐྲ་ཚོས་བརྒྱབ་རྗེས་མགོ་པགས་དམར་པོར་གྱུར་བ་དང་། ཟ་འཕྲུག་ལངས་པ། མགོ་བོའི་ཀོག་ཤི་མང་དུ་སོང་བ་སོགས་ཅུང་ཡང་བའི་ནད་རྟགས་ཐོན་པའམ་ཡང་ན་མགོ་པགས་དང་ངོ་གདོང་སྐྲངས་སྦོས་ཐེབས་པ། ཆུ་ཐོར་ཐོན་པ་སོགས་དེ་བས་ཚབས་ཆེ་བའི་གཟུགས་པོར་མི་འཕྲོད་པའི་ནད་རྟགས་འབྱུང་གི་ཡོད།
2.སྐྲ་དང་མགོ་པགས་ལ་གནོད་པ།
སྐྲ་ཚོས་རྒྱག་པ་དང་སྐྲ་ཚིག་རིལ་གཏོང་བའི་རྫས་ཚང་མ་རྫས་འགྱུར་གྱི་སྨན་ཆུ་ཡིན་པས། སྐྲ་དང་མགོ་པགས་ལ་གནོད་པ་མ་ཟད། བ་སྤུའི་བུ་གའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ནས་ཀོག་ཤི་འབྱུང་ཚད་མང་བ་དང་སྐྲ་བུད་སྲིད།
3.མཆིན་པར་གནོད་པ།
ཆེད་ལས་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། སྐྲ་ཚོས་མང་པོ་ཞིག་ངེས་པར་དུ་ཞུ་རྫས་སྣ་ཚོགས་སྤྱད་ནས་བཟོ་དགོས་ཤིང་། དེའི་ནང་རྫས་འགྱུར་དངོས་རྫས་པན་(苯)གྱི་གྲུབ་ཆ་ཅུང་མང་པོ་འདུས་ཡོད་ལ་དུག་གཤིས་ཀྱང་དྲག་པོ་ཡོད་པས། སྐྲ་ཚོས་ཐེངས་མང་བརྒྱབ་ན། གྲུབ་ཆ་དེ་དག་རིམ་བཞིན་མགོ་པགས་ཕྱི་ངོས་ཀྱི་ཁྲག་རྩ་བརྒྱུད་མིའི་ལུས་ཕུང་ནང་དུ་སིམས་རྗེས་མཆིན་པའི་ནང་དུ་ཕུང་གསོག་ཐེབས་ནས་ལོ་མང་པོའི་རིང་མཆིན་པའི་བྱེད་ལས་ལ་གནོད་པ་སྐྱེལ་གྱི་ཡོད།
4.དུག་ཕོག་ངེས་པ།
འབྲེལ་ཡོད་སྡེ་ཚན་གྱིས་སྐྲ་ཚོས་རིགས་བརྒྱ་ལྷག་ཙམ་ལ་ཞིབ་དཔྱད་ཚད་ལེན་བྱས་པ་ལྟར་ན། སྐྲ་ཚོས་རྫས་སྣ་90%ཙམ་ལ་ཞའོ་ཅི་པན་(硝基苯)དང་པན་ཨན་(苯胺)སོགས་དུག་ལྡན་རྫས་འགྱུར་དངོས་རྫས་མང་པོ་འདུས་ཡོད་པས་བེད་སྤྱོད་ཚད་ལས་འདས་ན་ལུས་པོར་དུག་ཕོག་སྲིད་པ་བསྟན།
གཉིས། མི་ཚོགས་འདི་རིཊ་ཀྱིས་སྐྲ་ཚོས་རྒྱག་རྒྱུ་མི་འདུག
1.སྐྲ་ཚོས་ལུས་ལ་མི་འཕྲོད་མཁན།
2.པགས་ནད་ཡོད་མཁན།
3.རྒན་རྒོན་དང་ལུས་ཟུངས་ཞན་པ། མཆིན་པ་དང་མཁལ་མ་ཡག་པོ་མེད་མཁན།
4.སྦྲུམ་མ་དང་ཕྲུ་གུ་བཙས་མ་ཐག་པའི་བུད་མེད།
5.ཁྱིམ་རྒྱུད་ལ་འབྲས་སྐྲན་ཡོད་མཁན།
གསུམ། སྐྲ་ཚོས་རྒྱག་པའམ་སྐྲ་ཚིག་རིལ་གཏོང་དུས་ཀྱི་འཛེམ་བྱ།
1.སྐྲ་ཚོས་རྒྱག་པའམ་སྐྲ་ཚིག་རིལ་གཏོང་བ་ལོ་གཅིག་ལ་ཐེངས་གཉིས་ལས་བརྒལ་རྒྱུ་མེད།
2.སྐྲ་ཚོས་རྒྱག་པ་དང་སྐྲ་ཚིག་རིལ་གཏོང་བ་དུས་གཅིག་ཏུ་བྱེད་རྒྱུ་མེད་པར་དེ་གཉིས་དབར་དུས་ཁྱད་གཟའ་འཁོར་གཉིས་ཡན་འཇོག་དགོས།
3.ཚོང་རྟགས་མི་འདྲ་བའི་སྐྲ་ཚོས་སམ་སྐྲ་ཚིག་རིལ་གཏོང་བའི་དངོས་རྫས་མཉམ་བསྲེས་བྱས་ནས་བེད་སྤྱོད་གཏོང་རྒྱུ་མེད།
4.སྐྲ་ཚོས་སམ་སྐྲ་ཚིག་རིལ་གཏོང་རྫས་མ་བྱུག་གོང་ལ་མགོ་པགས་སྲུང་བའི་ཐོན་རྫས་སྤྱོད་དགོས།
5.སྐྲ་ཚོས་བརྒྱབ་པའམ་སྐྲ་ཚིག་རིལ་བཏང་ཟིན་རྗེས་མགོ་སྐྲ་ཐེངས་མང་བཀྲུ་དགོས།