ཀྲུང་གོའི་གསར་འགྱུར་དྲ་བས་ཟླ6ཚེས21ཉིན་ཟི་ལིང་ནས་བསྒྲགས་པའི་གནས་ཚུལ། ཆུ་ཚོད་བཞི་ལྷག་རིང་གི་ལམ་ཐག་བརྒྱུད། “ནམ་མཁའི་མེ་ལོང་”རྟགས་ཅན་གྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་དེ་ཟླ6ཚེས21ཉིན་གྱི་ཆུ་ཚོད13དང་སྐར་མ23གྱི་སྟེང་དུ་མཚོ་སྔོན་གྱི་ཚྭ་ཁའི་ཚྭ་མཚོ་ལྗོངས་ཁུལ་དུ་བསླེབས། དེ་ནི་ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཤོག་ཚད་ཡོད་ཀུང་སིས་ད་ལོར་ཆེད་དུ་ཤར་གཏོང་བྱས་པའི་ཟི་ལིང་ནས་ཐད་ཀར་ཚྭ་ཁའི་ཚྭ་མཚོ་ཁར་བསྐྱོད་པའི་ཡུལ་སྐོར་མེ་ཐོག་ཐོག་མ་རེད།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་རྫོང་ཁོངས་སུ་ཡོད་པའི་ཚྭ་ཁའི་ཚྭ་མཚོ་ལྗོངས་ཁུལ་ལ“ནམ་མཁའི་མེ་ལོང་”ཞེས་པའི་མཚན་སྙན་ཡོད་ཅིང་། རྒྱལ་ཁབ་ས་གཤིས་དུས་དེབ་ཀྱིས“མི་ཚེ་འདིར་ངེས་པར་དུ་འགྲོ་དགོས་པའི་གནས55”ཡི་གྲས་སུ་བགྲང་ཡོད་པ་དང་། ཉེ་བའི་ལོ་ཤས་རིང་ལ་དྲ་ཐོག་ཏུ་སྐད་གྲགས་ཆོད་པའི་མཚོ་སྔོན་གྱི་ཡུལ་སྐོར་ལྗོངས་ཁུལ་གྲགས་ཅན་ཉག་ཅིག་ཏུ་གྱུར་ཡོད།
ཤེས་གསལ་ལྟར་ན། “ནམ་མཁའི་མེ་ལོང་”རྟགས་ཅན་གྱི་མེ་འཁོར་ནི་མཚོ་བོད་སྡེ་ཤོག་ཀུང་སིས2016ལོར་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ལྗོངས་ཁུལ་གལ་ཆེན་ཚྭ་ཁའི་ཚྭ་མཚོར་རམ་འདེགས་བྱ་ཆེད་ཤར་གཏོང་བྱས་པའི་ཡུལ་སྐོར་མེ་འཁོར་ཞིག་ཡིན་པ་དང་། ལོ་རེར་ཡུལ་སྐོར་དུས་བཟང་གི་སྐབས་ལ་ཟི་ལིང་ནས་ཚྭ་ཁའི་བར་ཤར་གཏོང་བྱེད་བཞིན་ཡོན། ད་སྔའི་བར་སྔ་གཞུག་ཏུ་ཡུལ་སྐོར་འབུམ་གཉིས་ལས་བརྒལ་བ་སྐྱེལ་འདྲེན་བྱས་ཡོད།
མེ་འཁོར་ཧྲིལ་བོར་རླུང་སྙོམས་འཁོར་སྒམ་བསྒྲིགས་ཡོད་ཅིང་། མི762ཤོང་ཐུབ། སྡོད་ས་རྐུབ་སྟེགས་དཀྱུས་མ་གཙོ་བྱས་ཡོད་ཅིང་། མལ་ཁྲི་ཅན་གྱི་འཁོར་སྒམ1དང་གསོལ་ཁང་འཁོར་སྒམ་གཅིག་བཅས་ཀྱིས་གྲུབ།“ཞོགས་པར་ལམ་ལ་ཆས་ཤིང་དགོང་དྲོར་ཕྱིར་ལོག་པའི” འགྲུལ་བཞུད་བྱེད་སྟངས་སྤྱད་ཡོད། དེ་ཡང་ཟི་ལིང་ནས་ཚྭ་ཁའི་ལྗོངས་ཁུལ་བར་དུ་ལེ་དབར400ཡས་མས་ཀྱི་ལམ་ཐག་ལས་མེད་ལ། རྐུབ་སྟེགས་དཀྱུས་མའི་རིན་གོང་སྒོར62.5དང་། མལ་ཁྲི་དཀྱུས་མའི་རིན་གོང་སྒོར110.5ཡིན་ནོ། །