༡.བདེ་འཇགས་དོ་དམ་གྱི་ཉེས་ཆད་གཅོད་པར་རིགས་ཇི་ཙམ་ཡོད། «བདེ་འཇགས་དོ་དམ་སྐོར་གྱི་ཉེས་ཆད་སྲོལ་ཡིག»གི་དོན་ཚན་དྲུག་པའི་གཏན་འབེབ་ལྟར་ན། བདེ་འཇགས་དོ་དམ་གྱི་བྱ་སྤྱོད་དང་འགལ་བའི་ཉེས་ཆད་ལ་གཤམ་གྱི་རིགས་གསུམ་དབྱེ་ཡོད་པ་སྟེ། (གཅིག)ཐ་ཚིག་སྒྲོག་པ། (གཉིས)དངུལ་ཆད་གཅོད་པ། སྒོར་གཅིག་ཡན་ཆད་དང་། སྒོར་ཉིས་བརྒྱ་མན་ཆད་ཡིན། སྲོལ་ཡིག་འདིའི་དོན་ཚན་སུམ་ཅུ་དང་དོན་ཚན་སོ་གཅིག དོན་ཚན་སོ་གཉིས་དང་ལོགས་སུ་གཏན་འབེབ་བྱས་ཡོད་པར་གཏན་འབེབ་ལྟར་སྒྲུབ་དགོས། (གསུམ)བཀག་སྐྱིལ། ཉིན་གཅིག་ཡན་ཆད་དང་ཉིན་བཅོ་ལྔའི་མན་ཆད། ༢.མི་གཞན་པའི་མི་ལུས་དབང་ཆར་གནོད་འཚེ་བཏང་སྟེ་ཉེས་དོན་ཉེས་ཆད་ཀྱི་ཚད་འདང་མེད་པར་ཐག་ཇི་ལྟར་གཅོད་དགོས། «བདེ་འཇགས་དོ་དམ་སྐོར་གྱི་ཉེས་ཆད་སྲོལ་ཡིག»གི་དོན་ཚན་ཉེར་གཉིས་པའི་གཏན་འབེབ་ལྟར་ན། མི་གཞན་པའི་མི་ལུས་ཀྱི་དབང་ཆར་གནོད་འཚེ་བཏང་བའི་བྱ་སྤྱོད་གཅིག་ཡོད་ཅིང་། ཉེས་དོན་ཉེས་ཆད་ཀྱི་ཚད་ལ་འདང་མེད་ཚེ། ཉིན་བཅོ་ལྔ་མན་ཆད་བཀག་སྐྱིལ་དང་སྒོར་ཉིས་བརྒྱ་མན་ཆད་དངུལ་ཆད་གཅོད་པ་དང་ཡང་ན་ཐ་ཚོག་སྒྲོག་དགོས་པ་སྟེ། (གཅིག)མི་གཞན་ལ་རྒྱག་རྡུང་བྱས་ཏེ། རྨས་སྐྱོན་ཡང་མོར་བཟོས་པ། (གཉིས)ཁྲིམས་དང་མི་མཐུན་པར་མི་གཞན་པའི་རང་དབང་ལ་ཚོད་འཛིན་བྱེད་པ་དང་ཡང་ན་ཁྲིམས་དང་མི་མཐུན་པར་མི་གཞན་པའི་སྡོད་ཁང་དུ་བཙན་འཛུལ་བྱེད་པ། (གསུམ)མངོན་སུམ་འཛེམ་མེད་ཀྱིས་མི་གཞན་པར་དམའ་འབེབ་བྱེད་པ་དང་ཡང་ན་དོན་དངོས་རྫུན་བཟོ་བྱས་ནས་མི་གཞན་པར་སྐུར་འདེབས་བྱེད་པ། (བཞི)ཁྱིམ་མིར་བརྙས་བཅོས་བྱེད་པ་དང་། བརྙས་བཅོས་ཐེབས་པའི་མིས་ཐག་གཅོད་དགོས་པའི་བླང་བྱ་བཏོན་པ། (ལྔ)འཇིགས་སྐུལ་ཡི་གེ་འབྲི་བ་དང་ཡང་ན་བྱེད་ཐབས་གཞན་པ་བཀོལ་ནས་མི་གཞན་པའི་བདེ་འཇགས་ལ་འཇིགས་སྐུལ་བྱེད་པ་དང་ཡང་ན་མི་གཞན་པའི་རྒྱུན་ལྡན་འཚོ་བར་བར་ཆད་གཏོང་བ། (དྲུག)ལོ་བཅོ་བརྒྱད་མ་ལོན་པའི་མིར་བཙན་ཤེད་དང་ཡང་ན་བསླུ་བྲིད་བྱས་ནས་འཇིགས་སྐྲག་དང་ཡ་ང་བའི་ལེ་ཚན་འཁྲབ་སྟོན་བྱེད་དུ་བཅུག་པ་དང་། དེའི་ལུས་སེམས་བདེ་ཐང་ལ་མནར་གཅོད་བྱེད་པ། (བདུན)མི་གཞན་པའི་སྦྲག་རྫས་དང་གློག་འཕྲིན་བཅས་སྦས་སྐུང་དང་བོར་བརླག་བྱེད་པ་དང་ཡང་ན་རང་དགར་གྱིས་ཁ་ཕྱེ་བ་བཅས་སོ།། ༣.ཡིག་སྐུར་ངོ་གཏུག་པས་འོས་འགན་གང་དག་ལག་ལེན་བྱེད་དགོས། «པེ་ཅིན་གྲོང་ཁྱེར་གྱི་ཡིག་བསྐུར་ངོ་གཏུག་སྐོར་གྱི་སྲོལ་ཡིག»ནང་དུ་གཏན་འབེབ་བྱས་པ་ལྟར་ན། ཡིག་སྐུར་ངོ་གཏུག་པས་གཤམ་གྱི་འོས་འགན་ལག་ལེན་བྱེད་དགོས་པ་སྟེ། (གཅིག)རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ལ་བརྩི་སྲུང་བྱས་ཏེ། རྒྱལ་ཁབ་དང་སྤྱི་ཚོགས་ཐུན་མོང་བཅས་ཀྱི་ཁེ་ཕན་དང་དེ་མིན་སྤྱི་དམངས་ཀྱི་ཁྲིམས་མཐུན་ཡིན་པའི་རང་དབང་དང་དབང་ཆ་གནོད་འཚེ་གཏོང་མི་ཆོག་པ། (གཉིས)གནས་ཚུལ་ཇི་མ་ཇི་བཞིན་ཞུ་བ་ལས། དོན་དངོས་རྫུན་བཟོ་དང་འཁྱོག་བཤད་བྱེད་མི་ཆོག་ལ། བསྙོན་འཛུགས་གནོད་སྐྱེལ་ཀྱང་བྱེད་མི་ཆོག (གསུམ)སྣེ་ལེན་བྱེད་སའི་སྒྲིག་ལམ་ལ་བརྩི་སྲུང་བྱེད་པ་དང་། སྤྱི་ཚོགས་སྤྱིའི་ཀུན་སྤྱོད་ལ་བརྩི་སྲུང་བྱེད་པ། སྤྱི་པའི་རྒྱུ་ནོར་ལ་གཅེས་སྐྱོང་བྱེད་པ། (བཞི)རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ། སྒྲིག་སྲོལ། སྲིད་ཇུས་བཅས་དང་མཐུན་པའི་ཐག་གཅོད་གྲོས་ཆོད་དང་ལེན་བྱེད་དགོས། ༤.ཡིག་བསྐུར་ངོ་གཏུག་ཇི་ལྟར་བྱེད་དགོས་སམ།«པེ་ཅིན་གྲོང་ཁྱེར་གྱི་ཡིག་བསྐུར་ངོ་གཏུག་སྐོར་གྱི་སྲོལ་ཡིག»དོན་ཚན་བརྒྱད་པའི་ནང་དུ་གཏན་འབེབ་བྱས་པ་ལྟར་ན། གནད་དོན་ཕྱིར་འདོན་སྐབས་ཐོག་མར་འགན་འཁྲི་གཏོགས་པའི་ལས་ཁུངས་ལ་བཤད་དགོས། ཡི་གེ་བྲིས་པ་དང་བརྒྱུད་དེ་གནད་དོན་ཕྱིར་འདོན་སྐབས། རུས་མིང་དངོས་འགོད་དགོས་པ་དང་།ཡི་གེ་སྐུར་ས་དང་སྦྲག་སྲིད་ཨང་གྲངས་བཅས་གསལ་བོར་འབྲི་དགོས། གསལ་བཤད་དང་ཞུ་གཏུག ཉེས་འདོན་བཅས་ཀྱི་ཡི་གེ་ཡིན་ཕྱིན་ཉེས་གཏུག་བྱེད་སའི་མི་དེའི་རུས་མིང་དང་ལས་ཁུངས།སྡོད་གནས། རྩ་བའི་དོན་ དངོས་བཅས་གསལ་བོར་འབྲི་དགོས། འདྲི་རྩད་བྱེད་སར་སོང་ནས་གནད་དོན་ཕྱིར་འདོན་དགོས་ཚེ། རྒྱལ་ཁབ་ལས་ཁུངས་ཀྱིས་བཙུགས་པའི་སྣེ་ལེན་བྱེད་སར་སོང་སྟེ། ཡིག་བསྐུར་ངོ་གཏུག་གི་ལས་སྒྲུབ་མི་སྣར་བཤད་དགོས། དོན་ཚན་དགུ་བའི་ནང་གཏན་འབེབ་བྱས་ཡོད་པ་ནི། རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་ལ་མང་ཚོགས་རང་བཞིན་གྱི་རེ་འདོད་བཤད་དགོས་ཚེ། ཡིག་སྐུར་གྱི་རྣམ་པ་བརྒྱུད་ཆོག ཐད་ཀར་གདོང་ཐུག་ནས་བཤད་དགོས་ཚེ། འཐུས་ཚབ་འདེམ་སྒྲུབ་བྱས་ནས་བཤད་སར་འགྲོ་དགོས། འཐུས་ཚབ་མི་གྲངས་མི་ལྔ་ལས་བརྒལ་མི་ཆོག