༡.བཅའ་ཁྲིམས་རོགས་སྐྱོར་ཀྱི་རྣམ་པ་གང་དག་ཡོད་དམ། ལན། ༡.བཅའ་ཁྲིམས་འདྲི་རྟོག་དང་ཁྲིམས་དོན་ཡིག་རིགས་ཚབ་འབྲི། བཅའ་ཁྲིམས་བསམ་འཆར་འདོན་སྤྲོད་བཅས་བྱེད་པ། ༢.ཉེས་དོན་དག་སེལ་ལམ་ཉེས་དོན་ཁྲོད་དུ་དམངས་དོན་ཞར་ཞོར་གཏུག་བཤེར་ཚབ་བྱེད་པ། ༣.དམངས་དོན་གཏུག་བཤེར་ཚབ་བྱེད་པའམ་སྲིད་འཛིན་གཏུག་བཤེར་ཚབ་བྱེད་པ། ༤.གཏུག་བཤེར་མ་བྱས་པའི་བཅའ་ཁྲིམས་དོན་དག་གཞན་པ་ཚབ་བྱེད་པ་བཅས་སོ། ༢.བཅའ་ཁྲིམས་རོགས་སྐྱོར་ཀྱི་ཁྱབ་ཁོངས་གང་དག་ཡོད་དམ། ལན། དམངས་དོན་སྲིད་འཛིན་རིགས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ཀྱི་ཁྱབ་ཁོངས་ལ་འདུས་ཡོད་དེ། ༡.རྒྱལ་ཁབ་ཀྱིས་སྐྱིན་ཚབ་སྤྲོད་པར་ཞུ་བ། ༢.སྤྱི་ཚོགས་ཀྱི་ཉེན་འགོག་འགན་ལེན་གྱི་ཐོབ་ཐང་ངམ་མ་མཐའི་འཚོ་བའི་འགན་སྲུང་གི་ཐོབ་ཐང་གནང་བར་ཞུ་བ། ༣.གཟིགས་སྐྱོང་དངུལ་དང་རྒུད་གསོའི་སྐྱོབ་དངུལ་སྤྲོད་པར་ཞུ་བ། ༤.ཞབས་ཏོག་གྲོན་དངུལ་དང་གསོ་རྟེན་དོད་དངུལ།གསོ་སྐྱོང་གྲོན་དངུལ་བཅས་སྤྲོད་པར་ཞུ་བ། ༥.ངལ་རྩོལ་གླ་ཕོགས་སྤྲོད་པར་ཞུ་བ། ༦.བདེན་དོན་མཐོང་ན་དཔའ་སྐྱེད་པའི་བྱ་སྤྱོད་དབང་གིས་དམངས་དོན་ཁེ་དབང་བྱུང་བ། ༧.བཅའ་ཁྲིམས་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་དོན་ཚན་གཞན་པ་བཅས་སོ། ༣.ཉེས་དོན་རིགས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ཀྱི་ཁྱབ་ཁོངས་གང་དག་ཡོད་དམ། ལན། གཅིག ཉེས་དོན་གཏུག་བཤེར་བྱེད་ཁྲོད་གཤམ་གསལ་གྱི་གནས་ཚུལ་གཅིག་ཡོད་ན། སྤྱི་དམངས་ཀྱིས་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ལ་བཅའ་ཁྲིམས་རོགས་སྐྱོར་བྱེད་དགོས་པའི་རེ་འདུན་ཞུ་ཆོག་སྟེ། ༡.མྱུལ་ཞིབ་ལས་ཁུངས་ཀྱིས་ཐེངས་དང་པོར་འདྲི་རྟོག་བྱས་རྗེས་སམ་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པའི་ཉིན་ནས་བཟུང་། དོགས་ཡོད་ཉེས་ཅན་གྱིས་དཔལ་འབྱོར་དཀའ་ངལ་དབང་གིས་ཁྲིམས་རོགས་པ་གདན་འདྲེན་ཞུས་མེད་པ། ༢.གྱོད་གཞི་ལ་ཞིབ་བཤེར་དང་ཞུ་གཏུག་བྱེད་པར་བསྐྱལ་བའི་ཉིན་ནས་བཟུང། གཞུང་གཏུག་གྱོད་གཞིའི་ནང་གི་གནོད་འཚེ་ཕོག་མཁན་དང་དེའི་ཁྲིམས་བཀོད་ཚབ་བྱེད་པའམ་ཉེ་འབྲེལ་གྱིས་དཔལ་འབྱོར་དཀའ་ངལ་དབང་གིས་གཏུག་བཤེར་ཚབ་བྱེད་པ་མངག་བཅོལ་བྱས་མེད་པ། ༣.གྱོད་གཞི་དེ་མི་དམངས་ཁྲིམས་ཁང་གིས་ཐག་གཅོད་བྱེད་རྒྱུ་དང་དུ་བླངས་པའི་ཉིན་ནས་བཟུང་། རང་གཏུག་གྱོད་གཞིའི་རང་གཏུག་བྱེད་མཁན་དང་དེའི་ཁྲིམས་བཀོད་ཚབ་བྱེད་པས་དཔལ་འབྱོར་དཀལ་ངལ་དབང་གིས་གཏུག་བཤེར་ཚབ་བྱེད་པ་མངག་བཅོལ་བྱས་མེད་པ། གཉིས། གཞུང་གཏུག་བྱེད་མཁན་ཁྲིམས་རར་ཕྱིན་ནས་གཞུང་གཏུག་བྱེད་པའི་གྱོད་གཞི་དང་། གྱོད་ཡས་དཔལ་འབྱོར་དཀའ་ངལ་ལམ་རྒྱུ་མཚན་གཞན་པ་དབང་གིས་དག་སེལ་བྱེད་མཁན་མངག་བཅོལ་མ་བྱས་ན། མི་དམངས་ཁྲིམས་ཁང་གིས་གྱོད་ཡ་ལ་དག་སེལ་བྱེད་མཁན་དམིགས་འཛུགས་བྱེད་དུས།བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་བཅའ་ཁྲིམས་རོགས་སྐྱོར་འདོན་སྤྲོད་བྱེད་ཆོག་པ། གསུམ། གྱོད་ཡ་ནི་ལོང་བ་དང་འོན་པ། ལྐུགས་པའམ་ལོ་ན་མ་སོན་པའི་མི་བཅས་ཡིན་པའི་རྐྱེན་གྱིས་དག་སེལ་བྱེད་མཁན་མངག་བཅོལ་མ་བྱས་པ་དང་ཡང་ན་གྱོད་ཡ་ལ་སྲོག་ཆད་ཀྱི་ཉེས་ཆད་གཅོད་དགོས་པའི་རྐྱེན་གྱིས་དག་སེལ་བྱེད་མཁན་མངག་བཅོལ་མ་བྱས་ན། མི་དམངས་ཁྲིམས་ཁང་གིས་གྱོད་ཡ་ལ་དག་སེལ་བྱེད་མཁན་དམིགས་འཛུགས་བྱེད་དུས། བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་བཅའ་ཁྲིམས་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པ་ལས། གྱོད་ཡའི་དཔལ་འབྱོར་གནས་ཚུལ་ལ་ཞིབ་བཤེར་བྱེད་མི་དགོས་པ་བཅས་སོ།། ༤.བཅའ་ཁྲིམས་རོགས་སྐྱོར་བྱེད་པར་རེ་འདུན་ཞུ་བའི་ཆ་རྐྱེན་གང་དག་ཡོད་དམ། ལན། བཅའ་ཁྲིམས་རོགས་སྐྱོར་བྱེད་པར་རེ་འདུན་ཞུ་ཚེ་དུས་མཚུངས་སུ་གཤམ་གསལ་གྱི་ཆ་རྐྱེན་ལྡན་དགོས་ཏེ། (༡)རེ་འདུན་ཞུ་བའི་བཅའ་ཁྲིམས་རོགས་སྐྱོར་ཀྱི་དོན་ཚན་ས་གནས་དེར་ཞིབ་གཅོད་དམ་ཐག་གཅོད་བྱེད་དགོས་པ། (༢)རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་ཆེད་བཅའ་ཁྲིམས་རོགས་སྐྱོར་བྱེད་དགོས་པར་ར་སྤྲོད་དོན་དངོས་དང་བདེན་དཔང་འདང་ངེས་ཤིག་ལྡན་དགོས་པ། (༣)ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཏན་ཕབ་བྱས་པའི་དཔལ་འབྱོར་དཀའ་ངལ་ཡོད་མཁན་ལ་བཅའ་ཁྲིམས་རོགས་སྐྱོར་བྱེད་པའི་ཚད་གཞི་དང་མཐུན་པ་བཅས་སོ།། ༥.དམིགས་སུ་བཀར་ནས་བཅའ་ཁྲིམས་རོགས་སྐྱོར་ཐོབ་ཆོག་པའི་ཆ་རྐྱེན་གང་དག་ཡོད་དམ། ལན། རེ་འདུན་ཞུ་མཁན་ལ་གཤམ་གསལ་གྱི་གནས་ཚུལ་གཅིག་ཡོད་ན། དམིགས་སུ་བཀར་ནས་བཅའ་ཁྲིམས་རོགས་སྐྱོར་ཐོབ་ཆོག་སྟེ། (༡)དམངས་སྲིད་སྡེ་ཁག་གིས་གནང་བའི་རྨས་སྐྱོན་དམག་མི་དཔང་ཡིག་དང་གཟིགས་སྐྱོང་དངུལ་ལེན་པའི་ཐོ་འགོད་དཔང་ཡིག་དང་ཡང་ན་ནུས་ཡོད་ཀྱི་རྒུད་སྐྱོབ་དཔང་ཡིག་ལྡན་པ། (༢)ཞབས་ཏོག་གྲོན་དངུལ་དང་གསོ་རྟེན་དོད་དངུལ། གསོ་སྐྱོང་གྲོན་དངུལ། ངལ་རྩོལ་གླ་ཕོགས་དང་དེ་མིན་གཟིགས་སྐྱོང་དངུལ་བཅས་བདའ་འདེད་ཚུར་ལེན་བྱེད་པ། (༣)རེ་འདུན་ཞུ་མཁན་ནི་དབང་པོ་སྐྱོན་ཅན་དང་རྒན་པ། བུད་མེད། བྱིས་པ་བཅས་ཡིན་པ། (༤)རེ་འདུན་ཞུ་མཁན་ནི་གླ་རྒྱག་ཞིང་པ་ཡིན་པ་བཅས་སོ།། 6.བཅའ་ཁྲིམས་རོགས་སྐྱོར་བྱེད་པར་རེ་འདུན་ཞུ་ཚེ་འདོན་སྤྲོད་བྱེད་དགོས་པའི་ཡིག་རིགས་གང་དག་ཡིན་ནམ། ལན། (༡)སྡོད་དམངས་ཀྱི་ཐོབ་ཐང་ལག་ཁྱེར་དང་ཁྱིམ་ཐོ་དཔང་ཡིག ཚབ་བྱེད་རེ་འདུན་ཞུ་མཁན་གྱིས་ད་དུང་ཚབ་བྱེད་དབང་ཆ་ལྡན་པའི་དཔང་ཡིག་འདོན་སྤྲོད་བྱེད་དགོས་པ། (༢)རེ་འདུན་ཞུ་མཁན་གྱི་སྡོད་སའམ་ཁྱིམ་ཐོ་ཡོད་སའི་ཞང་བརྡལ་སྲིད་གཞུང་དང་། སྲང་ལམ་དོན་གཅོད་ཁང་དང་ཡང་ན་རེ་འདུན་ཞུ་མཁན་གནས་པའི་སྡེ་ཚན་གྱི་ངལ་རྩོལ་གླ་ཕོགས་དང་མི་དོན་སྡེ་ཁག་བཅས་ཀྱིས་རེ་འདུན་ཞུ་མཁན་དང་ཁྱིམ་ཚང་ཁོངས་མིའི་དཔལ་འབྱོར་གནས་ཚུལ་གྱི་དཔང་ཡིག་འདོན་དགོས་པ། (༣)རོགས་སྐྱོར་བྱེད་པར་རེ་འདུན་ཞུ་བའི་དོན་ཚན་གྱི་བདེན་དཔང་ཡིག་རིགས་གཙོ་བོ། (༤)བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་འདོན་སྤྲོད་བྱེད་དགོས་པར་ངོས་འཛིན་བྱས་པའི་ཡིག་རིགས་གཞན་པ་བཅས་སོ།།