འཆར་གཞི་ནི་ཏང་སྲིད་ལས་ཁུངས་དང༌། ཁེ་ལས་ཚན་པ། བྱ་གཞག་ཚན་པ། སློབ་གྲྭ་ཁགཞིང་འབྲོག་ས་ཁུལ་གྱི་ཤང་སོགས་ཚན་པ་ཁག་གི་དུས་སྐབས་ངེས་ཅན་ཞིག་ནང་གི་ལས་ཀའི་རྩིས་གཞི་ཞིག་ལ་ཟེར། འཆར་གཞི་བཟོ་སྐབས་ལས་ཁུངས་སམ་ཚན་པས་རང་གི་བསྒྲུབ་བྱའི་དམིགས་ཡུལ་དེ་གཞིར་བཟུང་དགོས་པ་དང༌། ཏང་ཀྲུང་དབྱང་དང་གོང་རིམ་ལས་ཁུངས་ཀྱི་མཛད་ཕྱོགས་དང་སྲིད་ཇུས་ཁག་རང་རང་ཚན་པའི་ལས་ཀའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ལོ་ཚིགས་དང་དུས་ཚིགས་ཀྱི་འཆར་གཞི་དང༌། ཡང་ན་དུས་རིམ་ངེས་ཅན་ཞིག་གི་འཆར་གཞི་གཏན་འབེབས་བྱེད་དགོས། མདོར་ན་རྗེས་སུ་བྱ་རྒྱུའི་ལས་ཀའི་བཀོད་སྒྲིག་དེར་འཆར་གཞི་ཞེས་བརྗོད་པ་རེད།
འཆར་གཞི་བཟོ་སྟངས་ཀྱི་རྣམ་གྲངས།
༡ .འཆར་གཞིའི་མིང༌། དེ་ཡང་ལས་དོན་གང་ཞིག་སྐོར་གྱི་འཆར་གཞི་ཡིན་མིན་དང༌། འཆར་གཞི་འགོད་མཁན་གྱི་ལས་ཁུངས་སམ་འཆར་གཞི་འགོད་པའི་དུས་ཚོད་སོགས་བྲི་དགོས་པ་དཔེར་ན། 《བོད་རང་སྐྱོང་ལྗོངས་སློབ་གསོ་ཨུ་ཡོན་ལྷན་ཁང་གི××××ལོའི་ལས་ཀའི་འཆར་གཞི》ལྟ་བུའོ།
༢.འཆར་གཞི་བཟོ་བའི་རེ་བ། དེ་ཡང་ལས་ཀའི་དམིགས་ཡུལ་དང༌། རེ་བ། རྣམ་གྲངས། དམིགས་ཚད། ལག་ལེན་བྱེད་ཐབས་བཅས་གསལ་པོ་བྲིས་དགོས།
༣ .མཇུག་ཏུ་འཆར་གཞི་འགོད་པའི་དུས་ཚོད་བྲི་དགོས་པ་དང༌། གལ་སྲིད་འགོ་བརྗོད་དུ་འཆར་གཞི་འགོད་མཁན་གྱི་ཚན་པའི་མིང་རྟགས་གསལ་པོ་བཀོད་མེད་ན་ད་དུང་འཆར་གཞི་འགོད་མཁན་གྱི་ཚན་པའི་མིང་དང་ལོ་ཟླ་ཚེས་གྲངས་བཅས་བྲི་དགོས།
འཆར་གཞིའི་ནང་དོན། ཐོག་མར་འཆར་གཞི་བཟོ་བའི་ལས་དོན་གནས་ཚུལ་ལ་དབྱེ་ཞིབ་ལེགས་པར་བྱས་ཏེ་རྨང་གཞི་གང་འདྲ་ཞིག་གི་ཐོག་ལས་དོན་གང་ཞིག་བསྒྲུབ་དགོས་པ་གསལ་རྟོགས་ལེགས་པར་བྱེད་དགོས། འཆར་གཞི་བཟོ་སྐབས་གདེང་ཚོད་ཡོད་པའི་སྒོ་ནས་འཆར་གཞི་བཟོ་དགོས་པ་དང༌།
རང་གི་ལེགས་གྲུབ་ཐུབ་ངེས་ཀྱི་ལས་འགན་དང༌། རེ་བ་རྣམས་འཆར་གཞིའི་ནང་བླུག་དགོས། གལ་ཏེ་འཆར་གཞི་བཟོ་མཁན་གྱིས་དོན་དངོས་དང་འགལ་བའི་དམིགས་ཚད་བཏོན་ན་འཆར་གཞི་དེ་མངོན་དུ་འགྱུར་ཐབས་བྲལ་བ་མ་ཟད། འཆར་གཞི་སྒྲུབ་མཁན་མང་ཚོགས་ཀྱི་སེམས་ཤུགས་དང༌། ཡིད་ཆེས་ཀྱང་ཉམས་སྲིད། དེར་བརྟེན་འཆར་གཞི་བཟོ་སྐབས་ངེས་པར་དུ་དངོས་ཐོག་བདེན་འཚོལ་གྱི་རྣམ་འགྱུར་འཛིན་དགོས། འཆར་གཞིའི་ནང་འཁོད་ལས་ཀའི་ལས་འགན་ཁག་གསལ་རྟོགས་ཐུབ་རྗེས་ད་དུང་རང་ངོས་དང་གཞན་ངོས་ཀྱི་ཆ་རྐྱེན་ལ་གཞིགས་ནས་ལས་ཀའི་ཐབས་ཤེས་དང་གོམ་སྟབས་གཏན་འཁེལ་བྱེད་དགོས་པ་དང༌། དགོས་ངེས་ཀྱི་བྱེད་ཐབས་བེད་སྤྱད་ནས་ལས་འགན་ཁག་ལེགས་གྲུབ་བྱེད་དགོས།
མདོར་ན་འཆར་གཞི་བཟོ་སྐབས་ནང་དོན་བསྡུས་པོ་དང་ཁ་གསལ་པོ་བྲི་དགོས་ལ། བརྡ་སྤྲོད་ཀྱིས་སྦྱོར་བ་མ་ནོར་བ་གནད་དུ་འཁེལ་བ་ཞིག་ཀྱང་བྲི་རྒྱུར་ཡིད་གཟབ་བྱེད་དགོས།
འཆར་གཞིའི་རྣམ་གྲངས།
༡ .ངོ་བོ་གཞིར་བཟུང་ནས་རྣམ་གྲངས་དབྱེ་བ་དཔེར་ན། ཐོན་སྐྱེད་ཀྱི་འཆར་གཞི་དང༌། འཛུགས་སྐྲུན་གྱི་འཆར་གཞི། སློབ་སྦྱོང་གི་འཆར་གཞི། རིག་གནས་ལུས་རྩལ་གྱི་འཆར་གཞི་སོགས་ལྟ་བུ།
༢ .ཁྱབ་ཁོངས་གཞིར་བཟུང་ནས་རྣམ་གྲངས་དབྱེ་བ་དཔེར་ན། གོང་འོག་སྡེ་ཚན་ལས་ཁུངས་སོགས་ཀྱི་ལས་དོན་འཆར་གཞི་དང༌། མི་སྒེར་གྱི་སློབ་སྦྱོང་དང་ལས་ཀའི་འཆར་གཞི་ལྟ་བུ།
༣ .དུས་ཚོད་གཞིར་བཟུང་ནས་རྣམ་གྲངས་དབྱེ་བ་དཔེ་ན། ཟླ་རེའི་འཆར་གཞི་དང༌། དུས་ཚིགས་རེའི་འཆར་གཞི། ལོ་གཅིག་གི་འཆར་གཞི་ལྟ་བུའོ།
དཔེ་གཞི།
ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ཏང་གི་སློབ་གྲྭའི ༡༩༨༧(སྟོན་ཀ)ལོར་བོད་ཡིག་ཟབ་སྦྱོང་འཛིན་གྲྭ་གཉེར་རྒྱུའི་སློབ་ཁྲིད་ཀྱི་འཆར་གཞི།
༄༅། །བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང༌། བེད་སྤྱོད། གོང་འཕེལ་བཅས་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་སྐབས་བཞི་པའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གཏན་འཁེལ་མཛད་པའི་གཏན་འབེབས་ཀྱི་དགོངས་དོན་ལག་བསྟར་བྱེད་ཆེད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་དང༌། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་ཚོར་བོད་ཡིག་སློབ་ཁྲིད་བྱ་རྒྱུའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་དང་རང་རེའི་སློབ་གྲྭའི་སློབ་ཁྲིད་ནུས་ཤུགས་ཀྱི་གནས་ཚུལ་ལ་གཞིགས་ནས་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ལ་དེ་དོན་སྙན་སེང་ཞུས་པ་བརྒྱུད་མོས་མཐུན་གནང་བ་ལྟར་ད་ལྟ་འཛིན་གྲྭ་འདི་ཉིད་ཀྱི་སློབ་ཁྲིད་འཆར་གཞི་འགོད་རྒྱུ་གཤམ་གསལ།
དང་པོ། སློབ་གཉེར་བ་བསྡུ་ཡུལ་དང་དམིགས་ཚད། ད་རེས་གཙོ་བོ་ས་གནས་དང༌། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ ༤༠ནས༨༠བར་བསྡུ་རྒྱུ་དང༌། སློབ་འགོ་ཚུགས་སྐབས་རྒྱུགས་ལེན་བྱས་ནས་སོ་སོའི་ད་ཡོད་ཡོན་ཚད་ལ་གཞིགས་ཏེ་འཛིན་གྲྭ་ཀ་པ་དང་ཁ་པ་གཉིས་སུ་ཕྱེ་ནས་སློབ་ཁྲིད་བྱ་རྒྱུ། སློབ་ཡུན་ལོ་ཕྱེད་ཀ(××××ལོའི་ཟླ××ཚེས××ནས××××ལོའི་ཟླ××ཚེས××བར་ཡིན)ཡིན། སློབ་ཁྲིད་ལོ་ཕྱེད་བྱས་པ་བརྒྱུད་འཛིན་གྲྭ་ཀ་པས་རྒྱུན་མཁོའི་དག་ཡིག་དང༌། སུམ་ཅུ་པའི་ཕྲད་དང་རྣམ་དབྱེ་སྦྱོར་སྟངས། རྩོམ་འབྲིའི་ཤེས་བྱ་བཅས་ལེགས་ཤེས་ཐུབ་པ་བྱ་རྒྱུ་མ་ཟད། སྤྱིར་བཏང་རྒྱུན་མཁོའི་འཚོ་བ་དང༌། ལས་དོན། སློབ་སྦྱོང་སོགས་སུ་སྤྱོད་པའི་ཡི་གེའི་སྡེབ་སྦྱོར་ལ་མི་རྨོངས་པའི་ཚད་ལ་སླེབས་པ་བྱ་རྒྱུ། འཛིན་གྲྭ་ཁ་པས་བོད་ཡིག་ཚགས་པར་དང༌། ཡིག་ཆ་ལྟ་ཀློག་དོན་རྟོགས་ཐུབ་པའི་ཚད་ལ་སླེབས་པ་བྱ་རྒྱུ་བཅས་དང༌། སློབ་མཇུག་འགྲིལ་སྐབས་རྒྱུགས་ཚད་བླངས་ནས་ཚད་གཞི་ལོན་པ་རྣམས་ལ་ཚད་ལོན་གྱི་ལག་ཁྱེར་སྤྲོད་རྒྱུ་ཡིན་པས་ལྗོངས་རྩ་འཛུགས་པུའུ་དང་ས་གནས་རྩ་འཛུགས་པུའུ་ཁག་གིས་དེ་དོན་སློབ་མ་བཀོད་སྒྲིག་ཡོད་པ་ཞུ།
གཉིས་པ། སློབ་ཚན་བཀོད་སྒྲིག་བྱེད་སྟངས། འཛིན་གྲྭ་ཀ་པར་སུམ་ཅུ་པ་དང༌། དག་ཡིགརྩོམ་འབྲིའི་རྒྱུན་ཤེས། དེ་བཞིན་བོད་ཀྱི་ལོ་རྒྱུས་དང༌། མི་རིགས་སྐོར་གྱི་རིགས་པའི་གཞུང་ལུགས། མི་རིགས་སྲིད་ཇུས་བཅས་སློབ་ཁྲིད་བྱ་རྒྱུ་དང༌། འཛིན་གྲྭ་ཁ་པར་བོད་ཡིག་གི་རྨང་གཞིའི་ཤེས་བྱ་སྟེ་བོད་ཡིག་གི་དབྱངས་གསལ་དང༌། སྔོན་རྗེས་ཡང་གསུམ་དང་མིང་གཞིའི་དབྱེ་བ། ཚིག་དུམ་སྦྱོར་ཀློག་བསྡུས་ཀློགཡིག་གཟུགས། དེ་བཞིན་བོད་ཀྱི་ལོ་རྒྱུས་དང༌། མི་རིགས་སྐོར་གྱི་རིགས་པའི་གཞུང་ལུགས། མི་རིགས་སྲིད་ཇུས་བཅས་སློབ་ཁྲིད་བྱ་རྒྱུ་ཡིན། སྦྱངས་འབྲས་རྒྱུགས་ལེན་ཐད་བོད་ཀྱི་ལོ་རྒྱུས་དང༌། མི་རིགས་སྐོར་གྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཀྱི་སློབ་ཚན་གཉིས་ཚོད་ལྟ་བྱ་རྒྱུ་ལས་དེ་བྱིངས་ཚང་མ་རྒྱུགས་ལེན་ལག་བསྟར་བྱ་རྒྱུ་ཡིན།
གསུམ་པ། སློབ་ཁྲིད་ཀྱི་ནང་དོན་བགོ་སྟངས། སློབ་ཁྲིད་ཀྱི་དུས་ཚོད་གཟའ་འཁོར༢༠ཡོད་པ་དེའི་ནང་ཏང་གི་སྐྱིད་སྡུག་དང༌། སློབ་འགོ་ཚུགས་པ། སློབ་མཇུག་འགྲིལ་བ། སྐབས་བསྟུན་གྱི་ཆབ་སྲིད་དང་བྱེད་སྒོ་ཁག་ཚོགས་ཐེངས༣༠ཕུད། དོན་དངོས་སློབ་ཁྲིད་བྱེད་པའི་དུས་ཚོད་ནི་ཚོགས་ཐེངས༦༥༠ཡིན་པ་བཅས་རེའུ་མིག་ནང་ཞིབ་ཕྲ་བཀོད་ཡོད་པས་འཐུས་མིན་ཞིབ་འཇུག་ཡོད་པ་མཁྱེན།
ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ཏང་གི་སློབ་གྲྭའི་སློབ་དོན་ཁྲུའུ་ནས།
××××ལོའི་ཟླ××ཚེས××ཉིན།
(ཐམ་ཀ)
《རྒྱུན་སྤྱོད་ཡིག་རིགས》ལས།