ཅི་ཞིག་ལ་རེ་འདུན་ཞུ་ཡིག་ཟེར།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རེ་འདུན་ཞུ་ཡིག་ནི་མི་སྒེར་དང་ཐུན་མོང་གིས་དབུ་ཁྲིད་དང་རྩ་འཛུགས་སམ་ཡང་ན་འབྲེལ་ཡོད་ཚན་པར་རེ་འདུན་ཞུ་དགོས་བྱུང་སྐབས་སྤྱོད་པའི་ཡིག་རིགས་ཤིག་ཡིན།སྤྱིར་ན་རེ་འདུན་ཞུ་ཡིག་གི་དགོས་པ་དང༌། ཆ་རྐྱེན།དོན་དགརྒྱུ་མཚན།རེ་བ་བཅས་བྲི་དགོས་པ་དང༌། རྩ་འཛུགས་ནང་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་ཏུ་སོ་སོའི་རྣམ་འགྱུར་དང་དམ་བཅའ་སོགས་བྲི་དགོས།

རེ་འདུན་ཞུ་ཡིག་གི་འབྲི་སྟངས་རྣམ་གཞག་ནི།

༡.འགོ་ཐོད་དཀྱིལ་དབུས་སུ ༼རེ་འདུན་ཞུ་ཡིག ༽ ཅེས་ཡི་གེ་ཆེ་ཙམ་ཞིག་བྲི་དགོས་པ་དང༌།

༢.ཡིག་ཕྲེང་དང་པོའི་འགོར་སྟོང་ཆ་མ་བཞག་པར་རེ་འདུན་ཞུ་ཡུལ་གྱི་ལས་ཁུངས་སམ་དབུ་འཛིན་གྱི་མཚན་བྲི་དགོས།

༣.དེ་ནས་འབེབས་གཅིག་བླངས་ཏེ་ཡིག་ཕྲེང་གི་འགོར་ཡི་གེ་ཚེག་ཁྱིམ་གཉིས་ཙམ་གྱི་སྟོང་ཆ་བཞག་ནས་རེ་འདུན་ཞུ་རྒྱུའི་ནང་དོན་དང་རྒྱུ་མཚན་སོགས་བྲི་དགོས།

༤.མཇུག་ཏུ་ཆོག་མཆན་དང་སྐྱབས་འཇུག་གནང་རོགས་ཞུ་བ་སོགས་ཀྱིས་ཚིག་མཇུག་བསྡུ་དགོས།

༥.ཞུ་དོན་རྣམས་བྲིས་ཚར་རྗེས་གཤམ་དུ་རེ་འདུན་ཞུ་མཁན་གྱི་ཚན་པའམ་མིའི་མིང་དང་ལོ་ཟླ་ཚེས་གྲངས་བཅས་བྲི་དགོས།

དཔེ་གཞི ༡

ལས་བྲལ་སློབ་སྦྱོང་ལ་འགྲོ་རྒྱུའི་རེ་འདུན་ཞུ་ཡིག

༄༅། །ཀྲུང་གུང་འབྲི་རུ་རྫོང་ཨུད་རྩ་འཛུགས་པུའུ་ལ།ཕྲན་ནི་གྲངས་ཉུང་མི་རིགས་ཀྱི་གཞི་རིམ་ལས་བྱེད་པ་ཞིག་ཡིན་ཞིང༌། ཆུང་ངུའི་དུས་ནས་རིག་གནས་སྦྱོང་བའི་སྐལ་བ་མ་ཐོབ་པ་མ་ཟད།ལས་ཁུངས་ནང་ཞུགས་ནས་ལོ་བཅུ་ལྷག་ཙམ་སོང་ཡང་ལས་བྲེལ་ཁོ་ནས་སློབ་སྦྱོང་ལ་འགྲོ་ཁོམ་མ་བྱུང་བས་རིག་གནས་ཀྱི་ཆུ་ཚད་ཤིན་ཏུ་ཞན་ཞིང་ལས་དོན་ཁག་སྒྲུབ་སྐབས་དཀའ་ངལ་མང་དག་ཅིག་ཕྲད་རྐྱེན་འདི་ག་རྩ་འཛུགས་པུའུ་ལ་རེ་འདུན་ཞུ་ཡིག་འདི་ཕུལ་ནས་ད་སྒོས་བོད་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭས་གཉེར་བའི་བོད་ཡིག་འཛིན་གྲྭར་སློབ་སྦྱོང་ལ་གཏོང་གནང་སྐྱབས་འཇུག་མི་འདོར་བ་ཞུ་རྒྱུ་བཅས།

འབྲི་རུ་རྫོང་ཤག་ཆུ་ཁ་ཤང་གི་དགེ་ལེགས་ཀྱིས།

××××ལོའི་ཟླ××ཚེས××ལ་ཕུལ།

དཔེ་གཞི ༢

རེ་འདུན་ཞུ་ཡིག

༄༅། །གུང་གཞོན་སྡེ་ཚོགས××ཀྲི་པུའུ་ལ།         ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་ནི་ཀྲུང་གོའི་སྔོན་ཐོན་གཞོན་ནུ་མང་ཚོགས་ཀྱི་རྩ་འཛུགས་ཤིག་ཡིན་ལ།ཀྲུང་གོ་གུང་ཁྲན་ཏང་གི་ནུས་ལྡན་གྱི་ལས་རོགས་པ་ཞིག་དང་རྗེས་གྲབས་དམག་དཔུང་ཞིག་ཀྱང་ཡིན།དུས་ཡུན་རིང་པོའི་གསར་བརྗེའི་འཐབ་རྩོད་ནང་གུང་གཞོན་སྡེ་ཚོགས་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུ་རྣམས་ལ་མཐུན་སྒྲིལ་བྱས་ནས་ཏང་གི་བྱ་གཞག་ཐོག་འགངས་ཆེའི་བྱས་རྗེས་བཞག་ཡོད་པ་མ་ཟད།གཟི་བརྗིད་ཀྱི་གསར་བརྗེའི་རྒྱུན་བཟང་ཡང་ལྡན་ཡོད།        ད་ལྟ་རང་རེའི་མེས་རྒྱལ་འདི་ཉིད་ལོ་རྒྱུས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་དང༌།ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་དམའ་རིམ་དུས་སྐབས་ཀྱི་ཏང་གི་གཞི་རྩའི་ལམ་ཕྱོགས་དང་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུའི་ལས་ཁག་ཀྱང་གསལ་སྟོན་གནང་ཡོད་པས་གཟི་བརྗིད་ཀྱི་ལས་འགན་དེ་དག་ལེགས་པར་སྒྲུབ་ཆེད་རང་ཉིད་ཀྱི་འཇོན་ཐང་དང་ནུས་པ་ཡོད་ཚད་ལེགས་སྐྱེས་སུ་འབུལ་རྒྱུ་དང༌།གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མིའི་ཚད་གཞིར་གཞིགས་ནས་རང་ཉིད་ལ་བླང་བྱ་ནན་པོ་འདོན་རྒྱུའི་ཆོད་སེམས་ཀྱིས་བསྐུལ་ཏེ་གུང་གཞོན་སྡེ་ཚོགས་ཀྱི་རྩ་འཛུགས་ནང་ཞུགས་རྒྱུའི་ཞུ་ཡིག་འདི་ཉིད་ཕུལ་བ་ལགས་ན་རང་ཉིད་ལ་ཆོག་མཆན་ཐོབ་མཚམས་གུང་གཞོན་སྡེ་ཚོགས་ཀྱི་སྒྲིག་ཡིག་ལ་བརྩི་སྲུང་ཞུས་ནས་སློབ་སྦྱོང་ལ་འབད་བརྩོན་དང༌། སྒྲིག་ཁྲིམས་བརྩི་སྲུང༌།ལས་དོན་ལ་ཧུར་བརྩོན།དཀའ་སྤྱད་འབད་བརྩོན་བཅས་ཀྱི་སྒོ་ནས་གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་ཆེད་དུ་མི་ཚེ་གཅིག་འབད་བརྩོན་ལྷོད་མེད་ཞུ་རྒྱུ་ཡིན་ན་གུང་གཞོན་སྡེ་ཚོགས་ཀྲི་པུའུ་ཡིས་རྒྱུན་དུ་རང་ཉིད་ལ་གང་ཅིའི་སློབ་སྟོན་དང་རོགས་རམ་གནང་སྐྱོང་ཡོད་པ་ཞུ།

རེ་འདུན་ཞུ་མི་བྱམས་པས།

××××ལོའི་ཟླ××ཚེས××ལ།

《 རྒྱུན་སྤྱོད་ཡིག་རིགས》ལས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།