གཅན་ཚ་རྫོང་གིས་ལས་ཞུགས་ཀྱི“སྣ་འདུས་ཐབས་རྩལ”བཀོལ་ནས་དམངས་འཚོའི་འགན་སྲུང་གི་དྲ་བ་བརྟན་པོར་བཏང་བ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ད་ལོ་ནས་བཟུང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ལས་ཞུགས་གཙོ་བོར་འཛིན་པའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། “སྲིད་ཇུས་ཀྱི་རོགས་སྐྱོར+གནད་འཁེལ་ཞབས་ཞུ+ཟོང་རྟགས་གསོ་སྐྱོང”གི་སྣ་འདུས་ཐབས་རྩལ་སྤྱད་ནས། ལས་ཞུགས་བརྟན་བརླིང་དང་དམངས་འཚོ་འགན་སྲུང་བྱ་བར་ཏན་ཏིག་གིས་སྐུལ་འདེད་བཏང་བ་དང་། ལས་ཞུགས་དང་ལས་སྒོ་གསར་གཏོད་བྱ་བའི་ཁྲོད་ཕན་འབྲས་མངོན་གསལ་བླངས་ནས་ས་ཁུལ་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་བརླིང་ལ་ནུས་ལྡན་རོགས་སྐྱོར་མཁོ་འདོན་བྱས།

གཙོ་གནད་མི་ཚོགས་དམིགས་སུ་བཟུང་ནས་དམངས་འཚོའི་རྩ་བ་བརྟན་པོར་བཏང་བ། མིག་སྔའི་བར་དུ། རྫོང་ཡོངས་ཀྱི་མཁར་གྲོང་གསར་འཕར་ལས་ཞུགས་མི་ཐེངས294དང་། དེའི་ཁྲོད་ལས་ཤོར་པ་བསྐྱར་དུ་ལས་ཞུགས་བྱས་པ་མི་ཐེངས78དང་། ལས་ཞུགས་དཀའ་ཁག་ཡོད་པའི་མི་ཐེངས12བདེ་འཁོད་བྱས་པ་དང་། མཁར་གྲོང་ཐོ་འགོད་ལས་ཤོར་གྱི་ཚད1.79%ཚོད་འཛིན་བྱས་པས་དམའ་གནས་འགུལ་སྐྱོད་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། དུས་མཚུངས་སུ། ལས་ཞུགས་ལ་དཀའ་ཁག་ཡོད་པའི་མི་སྣར་དམིགས་ནས“ཁ་གཏད”རོགས་སྐྱོར་ཆེད་དོན་འགུལ་སྐྱོད་སྤེལ་བ་དང་། སྤྱི་ཕན་རང་བཞིན་གྱི་ལས་རྐང་གིས་མཐིལ་བརྟོལ་བ་དང་རྩལ་ནུས་གསོ་སྦྱོང་མཐོར་འདེགས་སོགས་བྱེད་ཐབས་ཀྱིས་རྒྱུན་མཐུད་ནས་ཤུགས་བཏོན།

ཞབས་ཞུའི་ཐབས་ལམ་གསར་གཏོད་བྱས་ནས་ལས་ཞུགས་ཀྱི་ལམ་བུ་རྒྱ་བསྐྱེད་པ། དྲ་ཐོག་དང་ཡུལ་དངོས་མཉམ་འབྲེལ་བྱས་པ་བརྒྱུད་དེ་མཁོ་འདོན་སྟེགས་བུ་བསྐྲུན་པ་དང་། ཆེད་དོན་ལས་བསྡུ་ཚོགས་འདུ་ཐེངས6ལ་བསྡུས་པ་དང་། དྲ་ཐོག་སྟེགས་བུ་ལ་མཉམ་འབྲེལ་བྱས་ནས་ལས་རྐང་ཆ་འཕྲིན150ལྷག་བཀྲམས་པ་དང་། ཁེ་ལས200ལྷག་ཚུར་བསྡུ་བྱས་ནས་བཟོ་སྐྲུན་མཁན་དང་ལག་རྩལ་པ། ཁྱིམ་དོན་ཞབས་ཞུ་སོགས་སྣ་མང་ལས་རྐང1088མཁོ་འདོན་བྱས་པ་དང་། ལས་ཞུགས་མོས་མཐུན་ཡོད་མཁན་མི་ཐེངས50ལྷག་ལ་བུད། “ལས་ཞུགས་ཞབས་ཞུ་སྡེ་ཁུལ་དུ་བསྐྱོད་པའི”བྱ་འགུལ་སྤེལ་ནས་སྲིད་ཇུས་ཀྱི་རྒྱུ་ཆ300བཀྲམས་པ་དང་། བློ་འདྲི་ཞབས་ཞུ་མི་ཐེངས60ལྷག་ལ་མཁོ་འདོན་བྱས།

ཁྱད་ལྡན་ཟོང་རྟགས་གསོ་སྐྱོང་བྱས་ནས་ལས་ཞུགས་ཀྱི་སྒུལ་ནུས་སྐུལ་སྤེལ་བྱས་པ། “གཅན་ཚའི་ཤིང་བཟོ”ཡི་ངལ་ལས་ཞབས་ཞུ་ཟོང་རྟགས་གཙོ་གནད་ལ་བཟུང་ནས་གསར་སྐྲུན་བྱས་པ་དང་། རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ10ལ་སོང་སྟེ། ཕྱོགས་ཡོངས་ནས་ཤིང་བཟོ་ལས་རིགས་ཀྱི་ལས་ཞུགས་མི་གྲངས་དང་རྩལ་ནུས་ཀྱི་ཆུ་ཚད། ལས་ཞུགས་ཀྱི་དགོས་མཁོ་སོགས་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་བྱས། དུས་མཚུངས་སུ། ཤིང་བཟོ་ཁེ་ལས10ལ་སྦྲེལ་མཐུད་བྱས་ནས“སྲིད་ཇུས་དྲིལ་སྒྲོག+རྩལ་ནུས་མཐོར་འདེགས+ལས་ཞུགས་སྐྱེལ་བ”ཡི་མཉམ་ལས་ནང་རྐྱེན་བཙུགས་པ་དང་། ཐེན་ཅིན་གྱི་ཁ་གཏད་རོགས་སྐྱོར་ལས་གཞི་ཡི་རྒྱབ་སྐྱོར་འོག་སྐབས་དང་པོའི་ཤིང་བཟོའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་། ཤིང་བཟོའི་ལས་ཞུགས་མི་སྣ70ལྷག་དང་ཤིང་བཟོའི་ལས་རིགས་ལ་ལས་ཞུགས་བྱེད་འདོད་ཡོད་པའི་ངལ་རྩོལ་པར་མ་ལག་ཅན་དང་ཆེད་ལས་ཅན་གྱི་རྩལ་ནུས་གསོ་སྦྱོང་མཁོ་འདོན་བྱས་ཏེ། ངལ་ལས་ཟོང་རྟགས་ཀྱི་ཕན་འབྲས་སྔར་ལས་ཇེ་མཐོར་བཏང།

རྩལ་ནུས་ཀྱི་འདེགས་སྐྱོར་ཇེ་དྲག་ལ་བཏང་ནས་ལས་ཞུགས་ཀྱི་སྤུས་ཀ་མཐོར་འདེགས་བཏང་བ།“གསོ་སྦྱོང+ལས་ཞུགས”ཀྱི་སྦྲེལ་མཐུད་འཆར་གཞི་ལག་བསྟར་བྱས་པ་དང་། མཁར་གྲོང་གི་ངལ་རྩོལ་ནུས་ཤུགས་གསོ་སྦྱོང་མི་ཐེངས1075ལེགས་འགྲུབ་བྱུང་། ཐེན་ཅིན་གྱི་ཁ་གཏད་རོགས་སྐྱོར་ལས་གཞི་ཡི་རྒྱབ་སྐྱོར་འོག་ལས་རིགས་རྩལ་ནུས་མཐོར་འདེགས་ལས་གཞི་སྤེལ་བ་དང་། ཁྱིམ་དོན་སློབ་མ50ལྷག་རྩ་འཛུགས་བྱས་ནས་ཟི་ལིང་ནས“བསིལ་ལྡན་གྲོང་གི་མ་མ”དང“ཏ་ཐུན་ནད་གཡོག”སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱས་ནས་ས་གནས་ཀྱི་རྩལ་ནུས་གསོ་སྦྱོང་ཕན་འབྲས་མཐོར་འདེགས་བཏང་། མངའ་ཁོངས་བརྒལ་བའི་ངལ་ལས་མཐུན་སྦྱོར་ལ་སྐུལ་འདེད་བཏང་བ་དང་། རོང་འབྲོག་ས་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས5414གནས་སྤོར་མངོན་འགྱུར་བྱུང་། དེའི་ཁྲོད་ཞིང་ཆེན་བརྒལ་བའི་ངལ་རྩོལ་མི་ཐེངས1390དང་། ཞིང་ཆེན་ནང་ཁུལ་གྱི་ངལ་རྩོལ་མི་ཐེངས1011ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།