ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས《དམངས་འཚོར་སྔར་བས་འགན་སྲུང་དང་ལེགས་བཅོས་བྱས་ཏེ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་རེའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་བསམ་འཆར》དཔར་འགྲེམས་བྱས་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《དམངས་འཚོར་སྔར་བས་འགན་སྲུང་དང་ལེགས་བཅོས་བྱས་ཏེ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ལ་ཤུགས་རྒྱག་དགོས་པའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས་ནས། དམངས་འཚོ་འཛུགས་སྐྱོང་སྔར་བས་དྲང་གཞག་དང་དོ་མཉམ། ཀུན་ཕན། ཐོབ་ཐུབ་བཅས་ལ་སྐུལ་འདེད་བཏང་ཡོད།
བསམ་འཆར་ནང་ནན་གྱིས་བསྟན་དོན། སྤྱི་ཚོགས་འགན་སྲུང་གི་དྲང་གཞག་རང་བཞིན་ཆེ་རུ་གཏོང་དགོས། སྤྱི་ཚོགས་འགན་སྲུང་མ་ལག་ཁྲོད་ཀྱི་སྤྱི་ཚོགས་འགན་བཅོལ་གྱི་གཙོ་གཞི་ནུས་པར་ཤུགས་བརྒྱབ་སྟེ། མཁར་གྲོང་གི་ལས་ཞུགས་མི་སྣ་ལས་བཟོ་པའི་གཞི་རྩའི་རྒན་གསོ་འགན་བཅོལ་དང་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་བསྡུར་ཚད་བརྟན་རླིང་དང་གོ་རིམ་ལྡན་པའི་སྒོ་ནས་མཐོ་རུ་གཏོང་དགོས། ཆ་རྐྱེན་དང་མཐུན་པའི་མཐོ་སློབ་མཐར་ཕྱིན་སློབ་མ་དང་ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ་སོགས་ལ་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་སྤྲོད་དགོས། ཡོང་འབབ་དམའ་བའི་མི་འབོར་གྱི་ངོས་འཛིན་བྱེད་ཐབས་དང་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་བྱེད་ཐབས་གཏན་འབེབས་བྱས་ཏེ། འཚོ་བའི་འགན་བཅོལ་མཐའ་མཚམས་ཀྱི་ཁྱིམ་ཚང་དང། དགོས་ངེས་ཀྱི་འགྲོ་སོང་དཀའ་ངལ་ཆེ་བའི་ཁྱིམ་ཚང་ལ་ཕྱོགས་ཡོངས་ནས་ངོས་འཛིན་བྱེད་དགོས། ཆེས་དམའ་བའི་འཚོ་བའི་འགན་སྲུང་ཚད་གཞི་ལུགས་མཐུན་ངང་གཏན་འཁེལ་དང་ལེགས་སྒྲིག་བྱེད་པ་དང་། ཆེས་དམའ་བའི་གླ་ཕོགས་ཚད་གཞི་ལེགས་སྒྲིག་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ལ་གསར་སྤེལ་རྣམ་པའི་རོགས་སྐྱོར་དང་ནུས་པ་ཆེ་རུ་གཏོང་བ་དང་། འབབ་འཕར་གྱི་འགུལ་སྐྱོད་ལག་བསྟར་བྱེད་དགོས།
བསམ་འཆར་ནང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་མཉམ་རང་བཞིན་ཆེ་རུ་གཏོང་དགོས། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་འཕར་ཚད་ཞབས་ཞུའི་དོན་ཚན་དེ་དུས་ཐོག་ཏུ་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཚད་གཞིའི་ནང་འཇུག་དགོས། རྫོང་ཁོངས་གཞི་རྩའི་ཚན་པར་བྱས་ཏེ། སྤྱི་པའི་ཞབས་ཞུའི་འཆར་འགོད་བཀོད་སྒྲིག་དང་སྒྲིག་བཀོད་འཛུགས་སྐྲུན། ཐོན་ཁུངས་བཀོད་སྒྲིག འཇོན་མི་བཀོད་སྒྲིག་བཅས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུ་དེ་རྒྱུན་སྡོད་བྱ་ཡུལ་དུ་འདོན་སྤྲོད་བྱེད་པར་རིམ་བཞིན་ལེགས་སྒྲིག་བྱེད་དགོས། མི་འབོར་གཅིག་སྡུད་དུ་འཁོར་རྒྱུག་བྱེད་སའི་གྲོང་ཁྱེར་གྱིས“གྲོང་ཁྱེར་གཅིག་ལ་ཐབས་ཇུས་གཅིག”བཟོ་པར་སྐུལ་འདེད་བཏང་ནས། རྒྱུན་སྡོད་ས་གནས་ལ་གཞི་རྩའི་སྤྱི་པའི་ཞབས་ཞུ་ལག་བསྟར་བྱེད་ཐབས་འདོན་སྤྲོད་བྱེད་དགོས་པ་གསལ་བོར་བསྟན་ཡོད།
བསམ་འཆར་ནང་ནན་གྱིས་བསྟན་དོན། རྨང་གཞིའི་དམངས་འཚོ་ཞབས་ཞུའི་ཀུན་ཕན་རང་བཞིན་རྒྱ་ཆེར་གཏོང་དགོས། རྨང་གཞི་སློབ་གསོའི་བཟང་སྐྱེད་སྤུས་འདེགས་ཀྱི་འགལ་སྐྱོད་འཆར་གཞི་ལག་བསྟར་བྱས་ནས། ལོ5ཡས་མས་ཀྱི་དུས་ཚོད་སྤྱད་དེ་འོས་འགན་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྲུན་ཡོངས་སུ་ཁྱབ་པ་རིམ་བཞིན་མངོན་འགྱུར་བྱེད་དགོས། སྤུས་ལེགས་མཐོ་རིམ་སློབ་འབྲིང་དཀྱུས་མ1000གསར་སྐྲུན་དང་བསྐྱར་སྐྲུན་རྒྱ་བསྐྱེད་བྱས་ཏེ། རྫོང་ཁོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་གཙོ་གནད་ཐོག་ལེགས་བཅོས་བྱེད་དགོས། མཐོ་རིམ་སློབ་གསོའི་སྤུས་འདེགས་ཤོང་སྐྱེད་ལ་སྐུལ་འདེད་བཏང་ནས། གསར་དུ་བསྣན་པའི་མཐོ་རིམ་སློབ་གསོའི་ཐོན་ཁུངས་དེ་དབུས་ནུབ་རྒྱུད་ཀྱི་མི་འབོར་མང་བའི་ཞིང་ཆེན་ལ་འོས་འཚམ་གྱིས་ཁ་ཕྱོགས་ནས། སྤུས་ལེགས་མཐོ་སློབ་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་བསྡུ་གཞི་ཁྱོན་རིམ་བཞིན་ཇེ་ཆེར་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་སྟོབས་ཆེར་གཏོང་བའི་ལས་གཞི་ལག་བསྟར་བྱེད་དགོས། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ལེགས་སྒྲིག་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ཚོང་ལས་བདེ་ཐང་འགན་བཅོལ་གྱི་གསར་གཏོད་སྨན་རྫས་དཀར་ཆག་གཏན་འབེབས་དང་འདོན་སྤེལ་བྱེད་དགོས། ནུས་ཤོར་རྒན་རྒོན་ལ་ལྟ་སྐྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། རྒན་གསོ་ཞབས་ཞུའི་ལས་ཁུངས་ཀྱི་སྨན་བཅོས་དང་གསོ་སྐྱོང་ཟུང་འབྲེལ་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། ནད་གཡོག་རྣམ་པའི་ཉལ་ཁྲི་མཁོ་སྤྲོད་ཇེ་མང་དུ་གཏོང་དགོས། ཐབས་ལམ་མང་པོས་སྤྱི་པའི་འཛུགས་སྐྲུན་གྱི་བཅོལ་གནས་མཁོ་སྤྲོད་ཇེ་མང་དུ་བཏང་སྟེ། ཀུན་ཕན་བཅོལ་གསོ་དེ་ཁེ་ལས་དང་ཁེ་ལས་བྱ་ལས་སྡེ་ཚན་གྱི་ལས་བཟོ་པའི་ཕན་བདེའི་མ་ལག་ནང་འཇུག་པར་སྐུལ་འདེད་གཏོང་དགོས།
བསམ་འཆར་ནང་། སྣ་མང་ཅན་གྱི་སྤྱི་ཚོགས་ཞབས་ཞུའི་ཐོབ་ཐུབ་རང་བཞིན་ཆེ་རུ་གཏོང་དགོས། སྡེ་ཁུལ་གཡུལ་ས་དང་རྣམ་པ་གཙོ་བོར་བྱས་ནས་དམངས་ཕན་ཞབས་ཞུའི་ཐོན་ཁུངས་སྣ་ཚོགས་གཅིག་འདོམས་དང་བསྡུ་སྒྲིལ་བྱེད་པར་ཤུགས་བསྣན་ཏེ། ཞབས་ཞུའི་སྒྲིག་བཀོད་མཉམ་འདུས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ཀྱི་ལུས་རྩལ་ར་བ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས། བྱེད་ནུས་མཉམ་འདུས་ཀྱི་སྤྱོད་སྒོ་མང་བའི་ལུས་རྩལ་ར་བ་འཕེལ་རྒྱས་བཏང་སྟེ། ལུས་རྩལ་ར་བའི་མཁོ་སྤྲོད་བརྟན་རླིང་ངང་ཇེ་མང་དུ་གཏོང་དགོས། ཆ་རྐྱེན་ཡོད་པའི་རྟེན་རྫས་བཤམས་མཛོད་ཁང་དང་དཔེ་མཛོད་ཁང་། མཛེས་རྩལ་ཁང་སོགས་རིག་གནས་ཁང་གི་མཚན་མོའི་སྒོ་འབྱེད་ལ་རྒྱབ་སྐྱོར་བྱེད་དགོས། སྤྱི་པའི་སྲིད་ཇུས་གཏན་འབེབས་དང་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་པའི་ཞབས་ཞུ་མཁོ་སྤྲོད་བཅས་བྱེད་པའི་ཁྲོད་བྱིས་པ་དམིགས་བསལ་དུ་འཛིན་པའི་རྩ་དོན་དང་བྱིས་པའི་མཛའ་མཐུན་འདུ་ཤེས་དོན་འཁྱོལ་བྱེད་དགོས། སྤྱི་ཚོགས་འགན་བཅོལ་དང་སྤྱི་ཚོགས་ཕན་བདེ། ཁྲལ་བསྡུ་སོགས་ཀྱི་ཐད་ཁྱིམ་ཚང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་པར་བསྟན་ཡོད།
བསམ་འཆར་ནང་། ཏང་གི་མགོ་ཁྲིད་དེ་དམངས་འཚོ་ལས་དོན་གྱི་ཁྱབ་ཁོངས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱེད་དགོས། ས་གནས་སོ་སོས་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནོར་སྲིད་གཏོང་སྒོའི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ། གཞི་རྩའི་དམངས་འཚོ་དང་ནོར་ཤུགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། དམངས་འཚོའི་ཚད་མཐའ་དམ་སྲུང་བྱེད་དགོས། དམངས་འཚོའི་སྲིད་ཇུས་གལ་ཆེན་སྡེ་ཁག་ལས་བརྒལ་བའི་གཅིག་གྱུར་འཆར་འགོད་ཀྱི་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དམངས་འཚོའི་སྲིད་ཇུས་ཀྱི་ལག་བསྟར་ཕན་འབྲས་ལ་ཚན་རིག་དང་མཐུན་པའི་གདེང་འཇོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། །