ང་ཚོས་མཉམ་དུ《དམངས་དོན་ཁྲིམས་གཞུང》སློབ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

དོན་ཚན་སུམ་བརྒྱ་དང་གསུམ་པ། སྤྱི་དབང་བདག་པོའི་བར་སྤྱི་གཞུང་ལ་དབང་བའི་འབྲེལ་བ་རྒྱུན་འཁྱོངས་བྱེད་ཆེད་སྤྱི་གཞུང་ལ་དབང་བའི་བརྟན་ནོར་རམ་འགུལ་ནོར་བགོ་བཤའ་རྒྱག་མི་ཆོག་པའི་གྲོས་དན་བཞག་ཡོད་ན་གྲོས་དན་ལྟར་བསྒྲུབ་དགོས། ཡིན་ན་ཡང་སྤྱི་དབང་བདག་པོར་བགོ་བཤའ་རྒྱག་དགོས་པའི་རྒྱུ་མཚན་གལ་ཆེན་ཡོད་ན། བགོ་བཤའ་རྒྱག་པའི་རེ་འདུན་བཏོན་ཆོག གྲོས་དན་བཞག་མེད་པའམ་གྲོས་དན་གསལ་པོ་མིན་ན། སྐལ་བསྟུན་སྤྱི་དབང་བདག་པོས་དུས་གང་རུང་དུ་བགོ་བཤའ་རྒྱག་པའི་རེ་འདུན་བཏོན་ཆོག་པ་དང་། ཐུན་མོང་སྤྱི་དབང་བདག་པོས་སྤྱི་གཞུང་ལ་དབང་བའི་རྨང་གཞི་ཤོར་བའམ་བགོ་བཤའ་རྒྱག་པའི་རྒྱུ་མཚན་གལ་ཆེན་ཡོད་ན་བགོ་བཤའ་རྒྱག་པའི་རེ་འདུན་བཏོན་ཆོག བགོ་བཤའ་རྒྱག་པའི་རྐྱེན་གྱིས་སྤྱི་དབང་བདག་པོ་གཞན་དག་ལ་གནོད་རྐྱེན་བཟོས་ན་གྱོང་གསབ་སྤྲོད་དགོས།

དོན་ཚན་སུམ་བརྒྱ་དང་བཞི་པ། སྤྱི་དབང་བདག་པོའི་བར་གྲོས་མོལ་བྱས་ནས་བགོ་བཤའ་རྒྱག་སྟངས་གཏན་འཁེལ་བྱེད་ཆོག གྲོས་མཐུན་མ་བྱུང་ཚེ། སྤྱི་གཞུང་ལ་དབང་བའི་བརྟན་ནོར་རམ་འགུལ་ནོར་བགོ་བཤའ་རྒྱག་འཐུས་ལ་བགོ་བཤའ་བརྒྱབ་ན་རིན་ཐང་མར་མི་ཆག་པ་ཡིན་ན། དངོས་པོ་དེ་བགོ་བཤའ་རྒྱག་དགོས། བགོ་བཤའ་རྒྱག་མི་ཆོག་ལ་བགོ་བཤའ་བརྒྱབ་ན་རིན་ཐང་ཆག་སྲིད་པ་ཡིན་ན། རིན་གོང་གཅོག་པའམ་ཧབ་འཚོང་དང་འཚོང་སྒྱུར་བྱས་ནས་ཐོབ་པའི་རིན་དངུལ་བགོ་བཤའ་བརྒྱག་དགོས།

སྤྱི་དབང་བདག་པོར་བགོ་བཤའ་བརྒྱབ་སྟེ་ཐོབ་པའི་བརྟན་ནོར་རམ་འགུལ་ནོར་ལ་སྐྱོན་ཆ་ཕྲན་བུ་ཡོད་ན། སྤྱི་དབང་བདག་པོ་གཞན་དག་གིས་གྱོང་གསབ་འགན་འཁྲི་མཉམ་དུ་འཁུར་དགོས།

དོན་ཚན་སུམ་བརྒྱ་དང་ལྔ་པ། སྐལ་བསྟུན་སྤྱི་དབང་བདག་པོས་རང་ཉིད་ལ་སྤྱོད་རྒྱུ་ཡོད་པའི་སྤྱི་གཞུང་ལ་དབང་བའི་བརྟན་ནོར་རམ་འགུལ་ནོར་གྱི་སྐལ་གྲངས་བཤུག་སྤྲོད་བྱེད་ཆོག ཆ་རྐྱེན་འདྲ་མཚུངས་ཡིན་པའི་འོག་སྤྱི་དབང་བདག་པོ་གཞན་དག་ལ་སྔོན་མ་བྱས་ནས་ཉོ་བའི་ཁེ་དབང་ཡོད།

དོན་ཚན་སུམ་བརྒྱ་དང་དྲུག་པ། སྐལ་བསྟུན་སྤྱི་དབང་བདག་པོས་རང་ཉིད་ལ་སྤྱོད་རྒྱུ་ཡོད་པའི་སྤྱི་གཞུང་ལ་དབང་བའི་བརྟན་ནོར་རམ་འགུལ་ནོར་གྱི་སྐལ་གྲངས་བཤུག་སྤྲོད་བྱེད་ཚེ། བཤུག་སྤྲོད་ཆ་རྐྱེན་དེ་སྤྱི་དབང་བདག་པོ་གཞན་དག་ལ་དུས་ཐོག་ཏུ་བརྡ་སྦྱོར་གཏོང་དགོས། སྤྱི་དབང་བདག་པོ་གཞན་དག་གིས་ལུགས་མཐུན་གྱི་དུས་བཅད་ནང་དུ་སྔོན་མ་བྱས་ནས་ཉོ་བའི་ཁེ་དབང་སྤྱོད་དགོས།

སྤྱི་དབང་བདག་པོ་གཞན་པ་གཉིས་ཡན་གྱིས་སྔོན་མ་བྱས་ནས་ཉོ་བའི་ཁེ་དབང་སྤྱོད་པའི་འདོད་ཚུལ་བསྟན་པ་ཡིན་ན། སོ་སོའི་ཉོ་སྒྲུབ་བསྡུར་ཚད་གྲོས་མོལ་ཐོག་གཏན་འཁེལ་བྱེད་དགོས། གྲོས་མཐུན་མ་བྱུང་ཚེ། བཤུག་སྤྲོད་བྱེད་དུས་སོ་སོའི་སྐལ་གྲངས་ཀྱི་བསྡུར་ཚད་ལྟར་སྔོན་མ་བྱས་ནས་ཉོ་བའི་ཁེ་དབང་སྤྱོད་དགོས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།