དོན་ཚན་སུམ་བརྒྱ་དང་བདུན་པ། སྤྱི་གཞུང་ལ་དབང་བའི་བརྟན་ནོར་རམ་འགུལ་ནོར་ལས་བྱུང་བའི་བུན་དབང་དང་བུན་འགན་ཡིན་ན། ཕྱི་རོལ་གྱི་འབྲེལ་བའི་ཐད་དུ། སྤྱི་དབང་བདག་པོ་ལ་ཞོར་འདྲུད་བུན་དབང་སྤྱོད་རྒྱུ་ཡོད་ལ། ཞོར་འདྲུད་བུན་འགན་འཁུར་དགོས། ཡིན་ན་ཡང་བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པའམ་ཕྱོགས་གསུམ་པས་སྤྱི་དབང་བདག་པོར་ཞོར་འདྲུད་བུན་དབང་དང་བུན་འགན་གྱི་འབྲེལ་བ་མེད་ཚུལ་ཤེས་པ་འདིའི་ཁོངས་སུ་མི་ཚུད། སྤྱི་དབང་བདག་པོ་ནང་ཁུལ་གྱི་འབྲེལ་བའི་ཐད་དུ། སྤྱི་དབང་བདག་པོའི་བར་དུ་ལོགས་སུ་གྲོས་དན་བཞག་ཡོད་པ་ཕུད། སྐལ་བསྟུན་སྤྱི་དབང་བདག་པོས་སྐལ་གྲངས་ལ་བསྟུན་ནས་བུན་དབང་སྤྱོད་ལ་བུན་འགན་འཁུར་དགོས། ཐུན་མོང་སྤྱི་དབང་བདག་པོས་ཐུན་མོང་ཐོག་བུན་དབང་སྤྱོད་ལ་བུན་འགན་འཁུར་དགོས། བུན་འགན་འཇལ་སྤྲོད་གང་བྱས་དེ་རང་ཉིད་ཀྱིས་འཁུར་དགོས་པའི་སྐལ་གྲངས་ལས་བརྒལ་བའི་སྐལ་བསྟུན་སྤྱི་དབང་བདག་པོས་སྤྱི་དབང་བདག་པོ་གཞན་དག་ལ་གྱོང་གསབ་བདའ་འདེད་བྱེད་ཆོག
དོན་ཚན་སུམ་བརྒྱ་དང་བརྒྱད་པ། སྤྱི་དབང་བདག་པོའི་བར་སྤྱི་གཞུང་ལ་དབང་བའི་བརྟན་ནོར་རམ་འགུལ་ནོར་དེ་སྐལ་བསྟུན་སྤྱི་དབང་ངམ་ཐུན་མོང་སྤྱི་དབང་གང་ཡིན་གྱི་གྲོས་དན་བཞག་མེད་པའམ་གྲོས་དན་གསལ་པོ་མིན་ན། སྤྱི་དབང་བདག་པོའི་བར་ལ་ཁྱིམ་མིའི་འབྲེལ་བ་སོགས་ཡོད་པ་ཕུད། སྐལ་བསྟུན་སྤྱི་དབང་ལ་བརྩི་དགོས།
དོན་ཚན་སུམ་བརྒྱ་དང་དགུ་པ། སྐལ་བསྟུན་སྤྱི་དབང་བདག་པོར་སྤྱོད་རྒྱུ་ཡོད་པའི་སྤྱི་གཞུང་ལ་དབང་བའི་བརྟན་ནོར་རམ་འགུལ་ནོར་གྱི་སྐལ་གྲངས་ནི། གྲོས་དན་བཞག་མེད་པའམ་གྲོས་དན་གསལ་པོ་མིན་ན། མ་དངུལ་བཏང་གྲངས་ལྟར་གཏན་ཁེལ་བྱེད་དགོས། མ་དངུལ་བཏང་གྲངས་གཏན་ཁེལ་བྱེད་མི་ཐུབ་པ་ཡིན་ན།སྐལ་གྲངས་འདྲ་མཚུངས་སུ་སྤྱོད་རྒྱུ་ཡོད་པར་བརྩི་དགོས།
དོན་ཚན་སུམ་བརྒྱ་དང་བཅུ་པ། རྩ་འཛུགས་དང་མི་སྒེར་གཉིས་ཡན་ལ་བཀོལ་ཁེ་དངོས་དབང་དང་འགན་ལེན་དངོས་དབང་ཐུན་མོང་དུ་སྤྱོད་རྒྱུ་ཡོད་པའི་ཚེ། ལེའུ་འདིའི་འབྲེལ་ཡོད་གཏན་འབེབས་དཔེ་གཞི་བྱས་ནས་སྤྱད་འཐུས།
ལེའུ་དགུ་པ། བདག་དབང་འཐོབ་པར་བྱེད་པའི་དམིགས་བསལ་གཏན་འབེབས།
དོན་ཚན་སུམ་བརྒྱ་དང་བཅུ་གཅིག་པ། ཐག་གཅོད་བྱེད་དབང་མེད་པའི་མིས་བརྟན་ནོར་རམ་འགུལ་ནོར་བཤུག་ལེན་བྱེད་མཁན་ལ་བཤུག་སྤྲོད་བྱས་ཚེ། བདག་དབང་བདག་པོར་དེ་འདེད་ལེན་བྱེད་དབང་ཡོད། བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཕུད།གཤམ་གསལ་གནས་ཚུལ་དང་མཐུན་པ་ཡིན་ན། བཤུག་ལེན་བྱེད་མཁན་ལ་བརྟན་ནོར་རམ་འགུལ་ནོར་གྱི་བདག་དབང་འཐོབ་པ་ཡིན།
(གཅིག)བཤུག་ལེན་བྱེད་མཁན་གྱིས་བརྟན་ནོར་རམ་འགུལ་ནོར་དེ་ལེན་སྐབས་སེམས་བཟང་ཡིན་པ།
(གཉིས)ལུགས་མཐུན་གྱི་རིན་གོང་ཐོག་ནས་བཤུག་སྤྲོད་བྱས་པ།
(གསུམ)བཤུག་སྤྲོད་བྱས་པའི་བརྟན་ནོར་རམ་འགུལ་ནོར་དེ་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཐོ་འགོད་བྱེད་དགོས་པ་ཐོ་འགོད་བྱས་ཟིན་པ་དང་། ཐོ་འགོད་བྱེད་མི་དགོས་པ་བཤུག་ལེན་བྱེད་མཁན་ལ་སྤྲད་ཟིན་པ།
བཤུག་ལེན་བྱེད་མཁན་ལ་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་བརྟན་ནོར་རམ་འགུལ་ནོར་གྱི་བདག་དབང་ཐོབ་ན། མ་གཞིའི་བདག་དབང་བདག་པོས་ཐག་གཅོད་བྱེད་དབང་མེད་པའི་མི་དེར་གནོད་རྐྱེན་སྐྱིན་གསབ་འཇལ་དགོས་པའི་རེ་འདུན་བཏོན་ཆོག
དོ་བདག་ལ་སེམས་བཟང་དང་དངོས་དབང་གཞན་དག་ཐོབ་པར། གོང་གསལ་ནང་གསེས་དོན་ཚན་གཉིས་ཀྱི་གཏན་འབེབས་དཔེ་གཞི་བྱས་ནས་སྤྱད་འཐུས།