དབྱར་གྱི་དཔལ་མོ་ས་ལ་བབས་པའི་རྒོད་རྩེ་ར་བ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

དབྱར་གཞུང་གི་དུས་འདིར་ཟི་ལིང་དང་ཁྲི་ཀའི་ས་མཚམས་སུ་གནས་པའི་སྒོ་མོའི་ཉག་ཁ་བརྒྱུད་དེ་རི་བོ་རྒོད་རྩེ་ཕྱོགས་སུ་བསྐྱོད་ཚེ། རི་མོ་མཁན་གྱི་སྨྱུག་རྩེ་ནས་འཁྲུངས་པ་ལྟ་བུའི་མཛེས་སྡུག་ཡིད་འོང་གི་རང་བྱུང་སྣོད་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་དེ་དལ་བ་དུལ་བུར་མཐོང་ལམ་དུ་མངོན་འོངས།

རླངས་འཁོར་ལས་བབས་ཏེ་རི་སྒང་ནས་འགྲེང་བའི་ཚེ། མེ་ཏོག་དང་། རྩི་ཤིང་། ས་ནག རྫ་ཆུ་སྔོན་མོ་སོགས་ཀྱི་དྲི་ངད་འདུས་པའི་བསིལ་རླུང་ཞིག་གིས་ངོ་གདོང་ལ་བྱིལ་བྱིལ་བྱེད་འོངས་ལ། སུ་རུའི་མེ་ཏོག་དང་སྟག་མའི་མེ་ཏོག་སོགས་ཀྱིས་བསིལ་རླུང་ཁྲོད་མགོ་ལྕོག་ལྡེམ་ལྡེམ་ངང་ཕར་གཡོ་ཚུར་གཡོ་བྱས་ཏེ་ང་ཚོར་ཕེབས་བསུ་བྱེད་བཞིན་མཆིས།

ཁྲ་ཚོམ་མེ་ཏོག་རྣམ་པར་བཀྲ།

མཐོན་མཐིང་གི་མཁའ་དབྱིངས་དང་། དྲོ་འཇམ་གྱི་ཉི་འོད། ཚང་ཚིང་གི་ནགས་ཀློང་། སྔོ་ལྗང་གི་སྤང་ཐང་། གཞན་ད་དུང་གངས་དཀར་པོའི་དབུ་ཞྭ་མནབས་པའི་རི་བོ་རྒོད་རྩེ་དང་། གཡང་དཀར་ལུག་ཁྱུའི་འབའ་སྒྲ་སོགས་ང་ཚོའི་ཐོས་འཛིན་གྱི་བུ་ག་དང་མིག་གི་དབང་བོ་རུ་གཅིག་རྗེས་གཉིས་མཐུད་ངང་འཚང་ཁ་རྒྱག་པར་བྱེད་ལ། ཡིད་ཀྱི་བརྟན་པ་རང་དབང་མེད་པར་འཕྲོག་པར་བྱེད།

 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།