མཚོ་སྔོན་གྱི་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་ཚད་ལྡན་དང་བདེ་བླང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་མ་ལག་འཐུས་ཚང་དུ་གཏོང་ཆེད། ཟླ5པའི་ཉིན་25ནས་ཉིན29བར། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་ཆེད་དུ་དམིགས་ནས་རྟོག་ཞིབ་རྩ་འཛུགས་བྱས། ཐེངས་འདིའི་རྟོག་ཞིབ་བྱེད་པར་སློབ་གསོ་པུའུ་དང་ཀྲུང་གོ་ཚན་རིག་ཁང་། ཀྲུང་གོ་བྱིས་པའི་ལྟེ་གནས་དུས་དེབ་སྤྱི་ཁྱབ་ཁང་། པེ་ཅིན་གྲོང་ཁྱེར་མཐོ་རིམ་སློབ་གསོ་སློབ་ཚོགས། མི་རབས་རྗེས་མར་སེམས་ཁུར་བྱ་བའི་ལས་དོན་ཨུ་ཡོན་ལྷན་ཁང་། པེ་ཅིན་རང་བྱུང་ཨུ་ཡོན་ལྷན་ཁང་ཚན་རྩལ་ཞིབ་འཇུག་ཁང་དང་། དེ་བཞིན་ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་ཆེད་མཁས་པ20གདན་འདྲེན་ཞུས་པ་དང་། ཆེན་མཁས་ཚོགས་པའི་ནང་སློབ་གསོ་ཞིབ་འཇུག་དང་། རང་བྱུང་སློབ་གསོ། རིག་གནས་ཡུལ་སྐོར། ཞིབ་འཇུག་དང་སློབ་སྦྱོང་སོགས་ཆེད་ལས་མང་པོ་ཚུད་ཡོད།
རྟོག་ཞིབ་ཚོགས་ཆུང་སྔ་གཞུག་ཏུ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གྱི་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་མང་པོར་སོང་ནས། ཡུལ་དངོས་སུ་འཚམས་འདྲི་བྱས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དུ་ཆེད་མཁས་པས་ཚན་རིག་ཞིབ་འཇུག་རྟེན་གཞིའི་འཁོར་སྐྱོད་གནས་ཚུལ་ལ་བརྟག་དཔྱད་ཞིབ་ཕྲ་བྱས་པ་དང་། རི་སྐྱེས་སྲོག་ཆགས་གསོ་སྐྱོང་ལྟེ་གནས་ཀྱི་བྱ་བའི་ཕན་འབྲས་ལ་རྟོག་ཞིབ་བྱས་པ་མ་ཟད། བཙུན་མོ་དམར་ཡག་མའི་ས་གཤིས་སོགས་ས་གཤིས་རྗེས་ཤུལ་ལ་ཡུལ་དངོས་སུ་འདྲི་རྩད་བྱས་ཏེ། མདོ་ལ་རི་བོའི་ལྷོ་འདབས་ཀྱི་འཁྱགས་ཀླུང་ས་བྱད་དང་ཆུ་ནག་འགག་རོང་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཞིབ་འཇུག་སློབ་སྦྱོང་གི་རིན་ཐང་ལ་ཞིབ་དཔྱད་གཏིང་ཟབ་བྱས། མཚོ་སྔོན་པོའི་དཔེ་སྟོན་ཁུལ་དུ། རྟོག་ཞིབ་ཚོགས་ཆུང་གིས་ཁེ་རམ་ཐང་འདམ་རའི་སྐྱེ་ཁམས་མ་ལག་དང་། དཔལ་དགེའི་སྒོ་དམར་སྲུང་སྐྱོང་རྟེན་གཞི། བྱེ་གླིང་སྐྱེ་ཁམས་ཉམས་གསོ་ཁུལ་སོགས་ཁྱད་ཆོས་ལྡན་པའི་ས་ཚིགས་ལ་གཙོ་གནད་དུ་རྟོག་ཞིབ་བྱས་པ་དང་། མཚོ་སྐོར་ཤར་ལམ་བརྒྱུད་སོགས་མཛེས་ལྗོངས་ཁུལ་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་དང་། ཅང་སི་ཞིང་ར་རུ་ཆེད་མཁས་པས“མཚོ་སྔོན་པོའི་སྐྱེ་ཁམས་དཔལ་ཡོན་དང་ལག་ལེན་སློབ་གསོ་རྟེན་གཞི་གཉིས་ཀྱི་རྣམ་གྲངས”འཛུགས་སྐྲུན་གྱི་འཕེལ་རིམ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། གླང་ཆེན་མཆེ་བ་ལྗོངས་ཁུལ་དུ་སྐྱེ་ཁམས་ལྟ་ཞིབ་དང་མཚོ་སྔོན་པོའི“རྩྭ་དང་ཆུ་བོ། མཚེའུ། ཉ། བྱ་རིགས”བཅས་སྐྱེ་ཁམས་ཕྲེང་འབྲེལ་མཉམ་གནས་དང་ཁོར་ཡུག་སྲུང་སྐྱོང་ལག་ལེན་སོགས་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་རྣམ་གྲངས་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་དང་། གཙོ་བོར་སྐྱེ་ཁམས་སློབ་གསོ་རིན་ཐང་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྦས་ཤུགས་བཅས་ལ་གདེང་འཇོག་བྱས།
རྟོག་ཞིབ་མཇུག་འགྲིལ་རྗེས། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་མཚོ་སྔོན་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་རྩ་འཛུགས་བྱས་ནས། པེ་ཅིན་གྲོང་ཁྱེར་གྱི་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་བཞུད་ཚད་མཚོ་སྔོན་དུ་ནང་འདྲེན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སློབ་གསོ་པུའུ་ཡི་འགྲན་བསྡུར་དང་། སློབ་གསོ་ཚན་རིག་སློབ་གླིང་གི་ལས་གཞི། རྒྱལ་ཁབ་རིག་ནུས་སྟེགས་བུ་བཅས་ལ་བརྟེན་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་མ་ལག་འཛུགས་པ་དང་། དེ་མིན་མཚོ་སྔོན་ཞིང་ཆེན་གྱི་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་པ་སོགས་གྲོས་དོན་ལ་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས། ཆེད་མཁས་པས་གཅིག་མཐུན་གྱིས་མདོ་ལ་རི་བོ་དང་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གྱི་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་དེ་སྐྱེ་ཁམས་སྲུང་སྐྱོང་ལ་གཞི་ཚུགས་ནས་ལས་རིགས་མང་པོའི་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་ལས་གཞན། “སྐྱེ་ཁམས+གསར་བརྗེ+རིག་གནས”ཀྱི་བརྗོད་དོན་དང“སྐྱེ་ཁམས་གྱི་གསང་བ་འཚོལ་ཞིབ”ཅེས་པའི་ཁྱད་ལྡན་ལམ་ཐིག་གསར་སྐྲུན་བྱས་ནས། རྒྱལ་ཁབ་སྤྱི་གླིང་རྨང་གཞི་ཡིན་པ་དང་། སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་ལྟེ་བར་བྱེད་པའི་ཐོན་རྫས་མ་ལག་བསྐྲུན་རྒྱུ་རེད། །