ད་ལོའི་ཤིན་ཅིང་ཕྱོགས་སུ་བསྐྱོད་པའི་ཡུལ་སྐོར་མེ་འཁོར་ཐོག་མ་དངོས་སུ་གཏོང་མགོ་བརྩམས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཟླ6ཚེས2ཉིན་གྱི་ཆུ་ཚོད23དང་སྐར་མ07གྱི་སྟེང་དུ།   ཤིན་ཅིང་ལ་ཡུལ་སྐོར་སྐྱོད་པའིY359རྟགས་ཅན་གྱི་མེ་འཁོར་དེ་ཟི་ལིང་ནས་ལམ་ལ་ཆས་མགོ་བརྩམས།  ཧྲན་ཞི་དང་། ཀན་སུའུ། མཚོ་སྔོན།  སི་ཁྲོན་བཅས་ཞིང་ཆེན་གྱི་ཡུལ་སྐོར་ཚོགས་པ20སྟེ་ཡུལ་སྐོར་བ710ཡིས་གྲུབ་པའི་ཡུལ་སྐོར་བ་རྣམས་ཀྱིས་དུས་ཡུན་ཉིན15རིང་ལ་ནུབ་ཡུལ་གྱི་མཛེས་ལྗོངས་ལ་རོལ་རྒྱུ་རེད། དེ་ནི་ཀྲུང་གོའི་ལྕགས་ལམ་མཚོ་སྔོན་སྡེ་ཤོག་ཚད་ཡོད་ཀུང་སིས་ད་ལོར་ཐོག་མར་ཤར་གཏོང་བྱས་པའི་ཤིན་ཅིང་ཕྱོགས་ཀྱི་ཡུལ་སྐོར་མེ་འཁོར་ཞིག་རེད།

མེ་འཁོར་དེར་མ་བུ་དང་རྒན་རྒོན་གྱི་ཚོགས་པ་ཅུང་མང་པོའི་གནས་ཚུལ་ལ་གཞིགས་ཏེ།  མཚོ་སྔོན་སྡེ་ཤོག་ཀུང་སིས་མེ་འཁོར་གྱི་འབོལ་འཁྲི་འཁོར་སྒམ་ཚིགས་བདུན་ཁ་སྣོན་བརྒྱབ་ཅིང་།  མེ་འཁོར་ཧྲིལ་བོར་རླུང་སྙོམས་ཆས་ཡོད་པའི་མལ་ཁྲི་ཅན་གྱི་འཁོར་སྒམ་བཀོད་སྒྲིག་བྱས་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་མེ་འཁོར་ལམ་ཐིག་ལེགས་སྒྲིག་བྱས་ནས་ཉིན14རིང་གི་ནངས་དགོང་གི་འགྲོ་སྡོད་ལ་བཀོད་སྒྲིག་ལེགས་པོ་བྱས།   ལམ་ཐིག་ལེགས་སྒྱུར་བརྒྱུད་དེ་ལྷོ་མཐའ་དང་བྱང་མཐའི་མཛེས་ལྗོངས་ཁུལ་གཙོ་བོ་དང་གྲོང་ཁྱེར་མུ་གཅིག་ཏུ་སྦྲེལ།   མེ་འཁོར་ནང་དུ་ད་དུང་སྤུས་ལེགས་གསོལ་འཁོར་བཀོད་སྒྲིག་བྱས་ནས་ཡུལ་སྐོར་བ་རྣམས་ལ་ཆུ་ཚོད24རིང་དུ་ཆུ་ཁོལ་མ་དང་བཟའ་ཆས་མཁོ་འདོན་བྱེད་ཐུབ།ཆེད་ལས་སྣེ་ཤན་པ་བཀོད་སྒྲིག་བྱས་ཏེ་ལམ་ཧྲིལ་བོར་ཚོགས་པ་དང་མེ་འཁོར་གྱི་རྗེས་འབྲངས་པར་སྣེ་ཁྲིད་བྱས་ནས་ཡུལ་སྐོར་བས་ངལ་གསོ་ལེགས་པོ་དང་།བློ་བདེ་མོས་ཟས་ལ་རོལ་བ།  སེམས་སྐྱིད་པོའི་ཡུལ་ལྗོངས་ལ་རོལ་པར་འགན་ལེན་ཐུབ་པ་ཞིག་བཟོས་ཡོད།

མེ་འཁོར་དེར་བསྡད་དེ། ཉིན15རིང་ལ་ཡུལ་སྐོར་བ་རྣམས་གནའ་བོའི་དར་གོས་ཚོང་ལམ་གྱི་རྗེས་ཤུལ་བརྒྱུད་དེ།   གནས་མཆོག་ཏུ་གྱུར་བ་དང་།  མཚོ་ཁྱད་དུ་འཕགས་པ།   ཟས་གང་བཟང་ལ་རོལ་ནས་ཐིན་ཧྲན་རི་བོའི་གནམ་མཚོ་དང་།  སའེ་ལི་མུ་མཚོ།   ན་ལ་ཐའེ་རྩ་ཐང་།  ཁ་ཧྲིའི་གནའ་གྲོང་སོགས་ལམ་ཧྲིལ་བོར་མཛེས་ལྗོངས་ལ་རོལ་ཐུབ་པ་མ་ཟད། ཤིན་ཅིང་གི་ལྟ་ན་སྡུག་པའི་རང་བྱུང་གི་མཛེས་ལྗོངས་དང་ཐུན་མིན་གྱི་ཡུལ་སྲོལ་གོམས་གཤིས་ལ་ཉམས་སུ་མྱོང་ཐུབ།  མཚོ་བོད་སྡེ་ཤོག་ཀུང་སིས་ད་དུང་ཡུལ་སྐོར་ལས་དོན་ཁང་ལ་མཉམ་འབྲེལ་བྱས་ནས་སྔ་མོ་ནས་ལྗོངས་ཁུལ་དག་བཀོད་སྒྲིག་ལེགས་པོ་བརྒྱབ་ཡོད་པས།  ཡུལ་སྐོར་བས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གྱི་རྣམ་གྲངས་ཅི་རིགས་མྱོང་བའི་རིན་གོང་གི་ཐད་ལ་གཟིགས་སྐྱོང་གནང་ཐུབ་ལ་བརྩོན་ལེན་བྱས་ནས་ཞབས་ཞུ་སྤུས་ལེགས་ལ་བརྟེན་ནས་མཐོ་སྒང་གི་ལྕགས་ལམ་ཡུལ་སྐོར་གྱི་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཇེ་ཆེར་བཏང་།

སླད་ཕྱིན།  མཚོ་བོད་སྡེ་ཤོག་ཀུང་སིས་མུ་མཐུད་དུ་ཤིན་ཅིང་གི་ཡུལ་སྐོར་ཁྲོམ་རར་རྩ་བ་སྲ་མོ་ཚུགས་ཏེ།   འཆར་གཞི་ལ་ཟླ7ཚེས14ཉིན་དང་། ཟླ8ཚེས26ཉིན། ཟླ9ཚེས13ཉིན་བཅས་སུ་མུ་མཐུད་ནས་ཤིང་ཅིང་གི་ཡུལ་སྐོར་མེ་འཁོར་འདི་བཏང་ནས་ཡུལ་སྐོར་བའི་དབྱར་གནང་སྐབས་དང་སྟོན་དུས་ཀྱི་ཡུལ་སྐོར་དགོས་མཁོ་བསྐང་ཅི་ནུས་བྱས་ཏེ།  ས་ཁོངས་དེའི་དཔལ་འབྱོར་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་སྤེལ་ལ་རམ་འདེགས་བྱ་འཆར་ཡོད་དོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།