ཟླ5པའི་ཚེས18ཉིན་གྱི་དུས་ཚོད17དང་སྐར་མ40སྟེང་། ཡུལ་སྐོར་བ750བསྡད་ཡོད་པའིY452ཡུལ་སྐོར་ཆེད་བཏང་མེ་འཁོར་དེ་ཟི་ལིང་ས་ཚིགས་ནས་དལ་གྱིས་བསྐྱོད་ཅིང་། བྱང་ཤར་ཕྱོགས་ཀྱི་འགྲུལ་བཞུད་ཀྱི་མགོ་བརྩམས། འདི་ནི་ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིའི་ད་ལོར་བཏང་བའི་བྱང་ཤར་ཕྱོགས་ཀྱི་ཡུལ་སྐོར་ཆེད་བཏང་མེ་འཁོར་ཐོག་མ་ཡིན།
ཆེད་བཏང་མེ་འཁོར་དེ་འཁོར་སྒམ་ཡོངས་སུ་འཁྱགས་རླུང་བཏང་ཆོག་པའི་འཁོར་སྒམ་ཡིན་པ་དང་། ལམ་ཐིག་ལ་ཧོ་པེ་དང་། ནང་སོག ཧེ་ལུང་ཅང་། ལིའོ་ཉིང་། ཅི་ལིན་བཅས་ཞིང་ཆེན་དང་ཁུལ5འདུ། ཉིན14རིང་གི་ལམ་ཐག་ཁྲོད། ཆེད་བཏང་མེ་འཁོར་དེས“མེ་འཁོར་འགྲུལ་བ་དང་མཉམ་དུ་འགྲོ་བ་དང་། མཚན་བརྒྱབ་ནས་ཡུལ་སྐོར་དུ་འགྲོ”བའི་ཡུལ་སྐོར་རྣམ་པ་སྤྱད་ཅིང་། ལམ་བར་དུ་བྱང་ཤར་ས་ཁུལ་གྱི་ལྗོངས་ཁུལ་དག་ཏུ་སྦྲེལ་ཡོད་པ་དང་། ཡུལ་སྐོར་བས་ཧྲན་ཧའེ་ཀོན་དང་། པའེ་ཏའེ་ཧུ། ཧར་པིང་། མན་ཀྲིག་ལི། ཁྲང་པའེ་ཧྲན། ཐེན་ཁྲུས། ཏན་ཏུང་། ཧ་ལུས་ཅང་སོགས་ཡུལ་སྐོར་ལྗོངས་ཁུལ་གྲགས་ཅན་དུ་ཡུལ་སྐོར་བྱས་ཆོག་ཅིང་། མཐོ་སྒང་གི་ཡུལ་སྐོར་བས“ཐེངས་གཅིག་གི་ཡུལ་སྐོར་གྱིས། བྱང་རྒྱུད་ས་ཁུལ་གྱི་མཛེས་ལྗོངས་ལ་མྱོང་རོལ”བྱེད་པའི་ཕུགས་འདུན་བསྐངས་ཆོག
ལོ་ལོན་ཡུལ་སྐོར་བ་ཅུང་མང་པའི་ཁྱད་ཆོས་ལ་དམིགས་ནས། ཉམས་མྱོང་ལྡན་པའི་སྣེ་ཤན་པ་དང་། བདེ་སྲུང་སྨན་པ་སྡེབ་སྒྲིག་བྱས་པ་དང་། ཆེད་ལས་ཁྲིད་སྟོན་མཁོ་འདོན་བྱས་ཏེ། ཞབས་ཞུའི་བྱེད་ཐབས་ཇེ་ལེགས་སུ་བཏང་བ་དང་། གློག་གསོག་བྱེད་དང་། མིག་ཤེལ། སྨན་སྒམ་སོགས་སྒྲིག་ཆས་སྡེབ་སྒྲིག་བྱས་ཏེ། འགྲུལ་བའི་བདེ་འཇགས་ལ་འགན་སྲུང་བྱས་ཏེ། འགྲོ་འོང་ལ་སྟབས་བདེ་སྐྲུན་པ་དང་། པ་སེ་གཅིག་གིས་ཡུལ་སྐོར་བྱེད་པ། མེ་འཁོར་བརྗེ་མི་དགོས་པ། མེ་འཁོར་ནས་བུད་མ་ཐག་གང་སར་ཡུལ་སྐོར་བྱེད་ཆོག དུས་མཚུངས་སུ། མེ་འཁོར་གཏོང་བའི་ལམ་བར་དུ། རོལ་རྩེད་བྱ་འགུལ་སྣ་ཚོགས་བཀོད་སྒྲིག་བྱས་ཏེ། བདེ་སྣང་དང་སྐྱིད་སྣང་ཁྲོད་འགྲུལ་བཞུད་ཀྱི་ལམ་ཐག་སྤྲོ་བའི་ངང་སྐྱེལ་ཆོག
ད་ལོའི་རིང་ལ། མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིས“ལོ་ལོན་རྒན་པར་གྲ་སྒྲིག་བྱས་པའི་དཔལ་འབྱོར”ཚོང་ར་སྔོག་འདོན་བྱེད་པ་དང་། ལྕགས་ལམ་ཡུལ་སྐོར་ཐོན་ཁུངས་དགེ་མཚན་འདོན་སྤེལ་བྱས་ཏེ། “ལྕགས་ལམ་ཡུལ་སྐོར་མཉམ་འདྲེས”ལ་སྐུལ་འདེད་བཏང་བ་དང་། རིགས་ཆེན་པོ9ཡི་ཡུལ་སྐོར་ཐོན་རྫས་རིགས11འཆར་འགོད་བྱས་ནས། ཞབས་ཞུའི་སྣ་ཇེ་ལེགས་སུ་བཏང་སྟེ། ལོ་ཚོད་མི་འདྲ་བའི་ཚོགས་པའི་རྒྱུ་མང་ཅན་གྱི་ཡུལ་སྐོར་དགོས་མཁོ་བསྐངས། །