“ལྔ་གཅིག”གུང་གསེང་རིང་། ཚྭ་ཁ་ཚྭ་མཚོའི་ལྗོངས་ཁུལ་དུ་ཡུལ་སྐོར་པ་མི་ཐེངས་ཁྲི8ལ་ཉེ་བ་སྣེ་ལེན་བྱས། གསར་དུ་བསྐྲུན་པའི་ལྗོངས་སྟེགས་དང་ཡིད་དབང་འཕྲོག་པའི་བྱེད་སྒོས་ནམ་མཁའི་མེ་ལོང་ཟེར་བའི་གནས་འདིར་ཡུལ་སྐོར་མྱོང་བྱ་གསར་པ་ཞིག་བསྣན། ལྔ་གཅིག་གུང་གསེང་རིང་། ཚྭ་ཁ་ཚྭ་མཚོའི་ལྗོངས་ཁུལ་དུ་ཚྭ་ཁའི་ངོ་མཚར་ལས་དབང་བརྗོད་གཞིའི་ཐང་ཆེན་གསར་དུ་བསྐྲུན་ཏེ“དེའུ་འབུར་མཐོང་བ་དགའ”དང“རྟག་བརྟན་སེམས་ཀྱི་འགག་རོང”“འཁྱགས་རོམ་སེམས་ཀྱི་མཁར་རྫོང”བཅས་ལྗོངས་བཀོད་ཏུ་བྱས་ཏེ། ཉིན་མོ་སྒྱུ་རྩལ་གྱི་ཕོ་བྲང་དཀར་པོ་ཞིག་ཡིན་ལ། མཚན་མོ་འོད་དང་གྲིབ་མའི་སྒྱུ་འཕྲུལ་འཇིག་རྟེན་ཞིག་ཏུ་གྱུར་ཡོད། ལྗོངས་ཁུལ་གྱིས་ཉིན་ཧྲིལ་བོར་འཁྲབ་སྟོན་གྱི་གསོལ་སྟོན་བཤམས་པ་དང་། ཉིན་རྟག་པར་མི་རིགས་ཀྱི་གཟི་ཉམས་ལྡན་པའི་འཁྲབ་སྟོན་རེས་སུ་སྟོན་པར་བྱེད། སོག་པོའི་རྟ་རིང་དང་བོད་པའི་སྐོར་བྲོ་ཚྭ་མཚོའི་གཟི་འོད་དང་འགྲོགས་ནས་མཉམ་དུ་གར་ལ་རོལ། དེ་མཚུངས་སུ། ཤིང་རྟ་གློ་ཁ་དང་འཕྱང་རྡང་། ཁྭ་ཁྭ་མེ་ལོང་སོགས་འཁྲབ་ཆས་གསར་དུ་བསྣན་ཡོད་ལ། ད་དུང་ཚྭའི་འབུར་བརྐོསDIYདང་ཚྭ་བྲིསDIYསོགས་མྱོང་རོལ་རྣམ་གྲངས་ཡོད།
ཚྭ་ཁ་ཚྭ་མཚོའི་ལྗོངས་ཁུལ་གྱིས་གཟུགས་འདས་ཤུལ་བཞག་གི་མྱོང་རོལ་ལྗོངས་བཀོད་གསར་དུ་བསྐྲུན་ནས། ཞུའེ་ཧྲན་ཧྲན་ཞིན་འཕྲིན་སྟེགས་སོགས་སུ་ཚྭ་བཟོའི་རྩལ་ནུས་འགྲན་སྡུར་ཆེན་མོ་སྤེལ། ཡུལ་སྐོར་པ་ཚྭ་ལེན་པའི་བཟོ་བ་བྱས་ཏེ་སླེ་བོ་ཁུར་ཅིང་ལྕགས་ཁེམ་སོགས་ལག་ཆ་བཟུང་ནས་དུས་བཀག་ལྟར་ཚྭ་སྣོད་དུ་འཇུག་པའི་འགྲན་སྡུར་བྱས་ཆོག་ལ་རྒྱལ་ཁ་ཐོབ་མཁན་ལ་རང་བྱུང་ཚྭ་ཡི་འབུར་བརྐོས་ཀྱི་ལག་ཤེས་བཟོ་ལས་ཐོན་རྫས་དང་ལག་སྣུམ་ལེགས་སྐྱེས་སོགས་སྟེར། བྱེད་སྒོས་སྤྲོ་འཕེལ་འགྲན་སྡུར་གྱི་རྣམ་པ་བརྒྱུད། ཡུལ་སྐོར་པར་རོལ་རྩེད་ཁྲོད་ནས་ཚྭ་ཁ་ཚྭ་མཚོའི་སྟོང་ཕྲག་ལོ་ཡི་ཚྭ་ལེན་པའི་ལོ་རྒྱུས་རྒྱུས་ལོན་བྱེད་དུ་བཅུག
དེ་མཚུངས་སུ། ལྗོངས་ཁུལ་དུ་ཐོལ་བརྒལ་རང་བཞིན་གྱི་ཡུལ་ཁོངས་ཡོངས་ཀྱི་ཉམས་ལེན་རོལ་རྩེད་འཁྲབ་གཞུང་བཏོད་དེ། 《རི་ཆུའི་བསྟན་བཅོས》ཁྲོད་ཀྱི་གུང་སྨན་རྒྱལ་མོའི་གཏམ་རྒྱུད་དེ་རྨང་གཞི་རུ་བྱས་ཏེ“ཡའོ་ཁྲི་ལྷ་མཚོའི་ཞིང་ཁམས། ཚྭ་རྟའི་གནའ་ལམ”གཉིས་ཀྱི་བརྗོད་དོན་ལྗོངས་རྣམ་བསྐྲུན། ཡུལ་སྐོར་པས་ཐོབ་ཐང་བྱང་བུ་བླངས་ནས་མེ་ལོང་ནང་གི་བླ་སྲོག་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་བསྒྲུབ་ཏེ་ཚྭའི་འབུར་བརྐོས་ཀྱི་གསང་གྲངས་གཏོར་བ་བརྒྱུད་རིག་གནས་ཀྱི་རྟགས་ཐམ་བསྡུ་ཉར་བྱས་ཏེ་མཐར་ཚྭ་མཚོ་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་འགྲུབ་པར་བྱས་ཆོག ཆེད་ལས་འཁྲབ་སྟོན་པས་ཀྲུང་ཧྭའི་ལྭ་བ་གྱོན་ནས་ཚྭའི་འབུར་བརྐོས་ཀྱི་ལྗོངས་རྣམ་དང་འབྲེལ་ནས་སྐབས་བསྟུན་འཁྲབ་སྟོན་བྱེད། ཡུལ་སྐོར་པ་རིགས་འདེད་དང་མཉམ་འགུལ་གྱི་འགན་འཁྲིའི་ཁྲོད་མཉམ་ཞུགས་ཟབ་མོ་བྱེད་ཐུབ་པ་དང་། ཆུ་ཚོད3རིང་གི་གསང་བ་འཚོལ་བའི་གོ་རིམ་ཁྲོད་དུ་ཚྭ་ཁ་ཚྭ་མཚོའི་ས་གཤིས་ཀྱི་ཁྱད་མཚར་དང་ལྷ་སྒྲུང་ཤེས་རྟོགས་བྱེད་ཐུབ། །