ལི་ཏུའུ་ཡིས་རིག་གནས་ཡུལ་སྐོར་མཉམ་སྐུལ་གྱིས་འཛད་སྤྱོད་གསོན་ཤུགས་སྐུལ་སྤེལ་བྱས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

གསར་འགོད་པས་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ནས་ཤེས་གསལ་ལྟར་ན། “ལྔ་གཅིག”གུང་གསེང་སྐབས་སུ། ལི་ཏུའུ་ཆུས་ཀྱིས་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་། འཛད་སྤྱོད་བྱང་བུ་བཀྲམ་པ། འགྲིམ་འགྲུལ་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གནས་ཚད་ཡོངས་ནས་འཛད་སྤྱོད་སྒུལ་ཤུགས་ཕྱིར་བཏོན་ནས། གུང་གསེང་སྐབས་ཀྱི་རིག་གནས་ཡུལ་སྐོར་ཚོང་རར་སྒུལ་ཤུགས་བསྣན།

ལི་ཏུའུ་ཆུས་ཀྱིས“ཁམ་བུའི་མེ་ཏོག་ལ་མྱོང་རོལདམངས་སྲོལ་མྱོང་རོལཞིང་ལས་ཚོང་ཟོང་འཛད་སྤྱོད”ལམ་ཐིག་བཏོན་པ་དང་། ཁམ་བུའི་རིག་གནས་བྱ་འགུལ་ཡུལ་དངོས་སུ་གནའ་དེང་མཉམ་འདྲེས་ཀྱི་རིག་གནས་འཁྲབ་སྟོན་ཐེངས6སྤེལ་བ་དང་། ཤོམ་འགྲོ་དང་རྒྱ་ལྭ་སྐོར་བསྐྱོད་དང་ལོ་ཆུང་བྱིས་པའི་སྲང་ལམ་ཞབས་བྲོ་སོགས་ཀྱི་སྒྱུ་རྩལ་འཁྲབ་སྟོན། ལོ་ངོ་སྟོང་གི་རྨ་ཙོང་རིག་གནས་དང་དེང་རབས་གཉིས་མཉམ་དུ་མངོན། དྲིལ་སྒྲོག་ཐད། ལི་ཏུའུ་ཆུས་ཡིས“དྲ་ཐོག་དང་ཡུལ་དངོས”དྲིལ་སྒྲོག་རྣམ་པ་འཛུགས་སྐྲུན་དང་། ཁམ་བུའི་དཀྱིལ་སྙིང་ཁུལ་གྱི་དྲ་གྲག་སྣེ་ལེན་བྱེད་ས་དང་། མྱོང་རོལ་རྣམ་གྲངས་གསར་སྐྲུན་བྱས་ཏེ། ཡུལ་སྐོར་བའི་གསར་རྩོམ་གྱི་བརྩེ་བ་སྐུལ་སྤེལ་བྱས། བྱ་འགུལ་གྱི་འབྲེལ་ཡོད་བརྗོད་གཞིའི་དྲ་ཐོག་བཞུར་ཚད་མི་ཐེངས་ཁྲི་སྟོང་ལས་བརྒལ་བ་དང་། བརྙན་ཐུང་ལ་བལྟ་མཁན་མི་ཐེངས་ཁྲི200ལས་བརྒལ་ནས། བཞུར་ཚད་དེ་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་ནུས་མཐོའི་ཕྱོགས་སུ་བསྒྱུར་བ་མངོན་འགྱུར་བྱུང་། 

དུས་མཚུངས་སུ། ལི་ཏུའུ་ཆུས་ཀྱིས་རིན་ཐང་སྒོར་ཁྲི15ཡི་འཛད་སྤྱོད་བྱང་བུ་བཀྲམ་པའི་དུས་མཚུངས་སུ། ཐང་ཏའོ618ཚོང་ལས་ཕྱོགས་བསྡུས་ཁུལ་དུ“ཟས་མཆོག་ལ་རོལ་བ”དང“འཁྲབ་སྟོན་ལ་བལྟ་བ”“གློག་བརྙན་ལ་བལྟ་བ”སོགས་ཀྱི་བྱ་འགུལ་སྤེལ་ནས། ཡུལ་སྐོར་བའི་དངོས་པོ་ཉོ་སྒྲུབ་དང་། ཟས་མཆོག རིག་གནས་སོགས་རྒྱུ་མང་ཅན་གྱི་དགོས་མཁོ་བསྐངས། གཟུགས་འདས་ཤུལ་བཞག་མྱོང་རོལ་བྱེད་སར། རྨ་ཚོང་ཤོག་དྲ་དང་། རྫ་ཆས་ལས་སྣོན་སོགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་འགྲེམ་སྟོན་བྱས་ཏེ། ཡུལ་སྐོར་བས་རྨ་ཙོང་རིག་གནས་ཀྱི་མཛེས་པར་མྱོང་རོལ་བྱས་ཆོག ཐང་ཏའོ618སྲང་ལམ་དུ་ཉུལ་བ་དང་། ས་གནས་རང་གི་ཟས་མཆོག་རིགས་སྣ20ལྷག་ལ་མྱོང་རོལ་བྱེད་པ་དང་། “ལི་ཏུའུ་ཡི་ཁྱད་ལྡན”རིགས་སྣ30ཡི་ཞིང་ལས་ཐོན་རྫས་ཕྱིར་འཚོང་སྦྲེལ་མཐུད་མངོན་འགྱུར་བྱུང་ནས། ཡུལ་སྐོར་བས་ལི་ཏུའུ་ཡི་ཟས་མཆོག་གི་མྱོང་རོལ་གསར་བ་ཕྱེས།

དེ་མིན། ལི་ཏུའུ་ཆུས་ཀྱིས“དངོས་མང་བཤམས་སྟོན་གྱི་མགྲོན་བསུ”བྱས་པ་དང་། ལིའུ་ཝན་རྫ་ཆས་དངོས་མང་བཤམས་སྟོན་ཁང་དང་། རྨ་ཙོང་རིག་གནས་དངོས་མང་བཤམས་སྟོན་ཁང་དེ་སྐུ་མགྲོན་ཚོ་འགྲོ་སའི་གནས་ཤིག་ཏུ་གྱུར། མའོ་ཀྲའེ་ལྗོངས་ཁུལ་དུ“སྡེ་བའིBA”ལྒང་ལི་འགྲན་བསྡུར་དང་། རྒྱ་འཆམ་འཁྲབ་སྟོན། རྫ་ཆས་འགྲེམ་སྟོན་སོགས་ཀྱི་དམངས་སྲོལ་བྱ་འགུལ་སྤེལ་བ་དང་། ཉིན་གཅིག་གི་ཡུལ་སྐོར་བ་མི་ཐེངས་ཁྲི1.2ལས་བརྒལ་བར་སྣེ་ལེན་བྱས། ཡུལ་སྐོར་བས་ཁམས་གསེང་གི་ཞོར་ནས། ད་དུང་ཀའོ་མའོ་གྲོང་རྡལ་སྔོ་ཚོད་ལྡུམ་རར་སོང་ནས། འབྲི་ཏ་ས་འཛིན་དང་། ལི་ཏུའུ་སིར་པན་སོགས་བཏོག་པའི་ཁམས་གསེང་མྱོང་རོལ་བྱས།རིག་གནས་ཡུལ་སྐོར་བྱ་འགུལ་ལེགས་ཤོས་རབ་དང་རིམ་པ་བཏོན་ནས། ཡུལ་སྐོར་བ་ས་དེ་གར་འདུག་པའི་དུས་ཚོད3.2རིང་དུ་བཏང་བ་དང་། ཕྱོགས་བསྡུས་འཛད་སྤྱོད40%མཐོ་རུ་བཏང་།“ཉིན་དཀར་དང་དགོང་མོའི”རྣམ་པས་ཡུལ་སྐོར་ཟུར་སྣོན་རིན་གྲངས་མཐོར་འདེགས་སུ་བཏང་། ། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།