རིག་གནས་དང་ཡུལ་སྐོར་པུའུ་ཡིས་རིག་གནས་དང་ཡུལ་སྐོར་བདེ་འཇགས་ཀྱི་ཐོན་སྐྱེད་ལས་དོན་ལ་སྔར་ལས་ཤུགས་སྣོན་དགོས་པའི་བླང་བྱ་བཏོན།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས6ཉིན་རྒྱུས་ལོན་པ་ལྟར་ན། ཉེ་ཆར་རིག་གནས་དང་ཡུལ་སྐོར་པུའུ་ཡིས་བྲེལ་མྱུར་བརྡ་ཐོ་དཔར་འགྲེམ་བྱས་ནས་ས་གནས་སོ་སོས་ལྷོད་གཡེང་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱས་ཏེ། རིག་གནས་དང་ཡུལ་སྐོར་བདེ་འཇགས་ཀྱི་ཐོན་སྐྱེད་ལས་དོན་ལ་སྔར་བས་ཤུགས་སྣོན་དགོས་པའི་བླང་བྱ་བཏོན།

བརྡ་ཐོ་ལས། ས་གནས་སོ་སོས་ཆབ་སྲིད་ཀྱི་ལངས་གནས་སྔར་བས་མཐོར་འདེགས་གཏོང་བ་དང་། ཡུལ་སྐོར་ལྗོངས་ཁུལ་དང་སྤྱི་པའི་རིག་གནས་ལས་ཁུངས། རིག་གནས་དང་ཡུལ་སྐོར་གཉེར་སྐྱོང་ལས་ཁུངས་ཀྱི་གཙོ་གཞིའི་འགན་འཁྲི་དམ་ཟབ་དུ་བཏང་ནས། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་གནས་ཡུལ་ལ་དམ་དུ་དམིགས་ཏེ། འཁྲབ་སྟོན་བྱེད་སྒོ་ཆེ་གྲས་ཀྱི་བདེ་འཇགས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་སྐོར་ལྗོངས་ཁུལ་གྱི་དཔྱང་ཟམ་དང་རོལ་རྩེད་སྒྲིག་བཀོད། ཆེད་སྤྱོད་འཕྲུལ་སྒུལ་འཁོར་ཆས། ཡུལ་སྐོར་གྲུ་གཟིངས་སོགས་སྒྲིག་ཆས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་སྐོར་ལས་དོན་ཁང་གིས་ཡུལ་སྐོར་འགན་ལེན་རླངས་འཁོར་སོགས་ཀྱི་དོ་དམ་གཏན་འབེབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་ནན་པོ་བྱེད་དགོས། མི་སྣ་འདུས་ཁུལ་གྱི་མེ་གསོད་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། སྒྲིག་འགལ་ངང་གློག་སྤྱོད་པ་དང་བདེ་འཇགས་ཐོན་སྒོ་བཀག་སྡོམ་སོགས་ཀྱི་བྱ་སྤྱོད་ལ་གཙོ་གནད་ཐོག་ཞིབ་བཤེར་བྱེད་པ་དང་། ཡུལ་སྐོར་ལྗོངས་ཁུལ་གྱིས་མེ་གསོད་བདེ་འཇགས་དྲན་སྐུལ་ལ་ཤུགས་སྣོན་བརྒྱབ་ནས། ཕྱི་རོལ་དུ་མེ་སྤྱོད་པར་དོ་དམ་ཚོད་འཛིན་ནན་པོ་བྱེད་པར་སྐུལ་འདེད་གཏོང་དགོས། དམིགས་བསལ་གནམ་གཤིས་ངན་པའི་འགོག་ཟོན་གྱི་ཁ་གཏད་གཅོག་ཐབས་ལ་ཤུགས་སྣོན་རྒྱག་པ་དང་། གནམ་གཤིས་གནས་ཚུལ་ལ་དོ་སྣང་དམ་ཟབ་བྱེད་དགོས་ལ། དུས་ཐོག་ལྟར་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ནས། ཐོལ་བྱུང་ལས་འཛོལ་ཀྱི་འཕྲལ་བསྟུན་སྔོན་ཇུས་དང་ཐག་གཅོད་ལས་དོན་ལེགས་པར་བསྒྲུབ་དགོས་པ་དང་། དགོས་ངེས་ཀྱི་སྐབས་སུ་སྒྲིག་ཆས་གཉེར་སྐྱོང་མཚམས་འཇོག་པ་དང་ཡུལ་སྐོར་ལྗོངས་ཁུལ་སྒོ་རྒྱག་དགོས། ལས་རེས་ལས་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆ་འཕྲིན་ཤར་གཏོང་ཐུབ་པར་འགན་ལེན་བྱས་ནས། གཙོ་གནད་ས་ཁོངས་དང་གནས་ཡུལ་བདེ་འཇགས་གྱི་དྲན་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ། ཡུལ་སྐོར་པར་ཉེན་ཁ་ཆེ་བའི་རྣམ་གྲངས་ནང་ཞུགས་པར་གཟབ་ནན་བྱེད་དགོས་པའི་དྲན་སྐུལ་བྱེད་པ་དང་། གསར་སྤེལ་དང་སྒོ་འབྱེད་བྱས་མེད་པ་དང་། བདེ་འཇགས་འགན་ལེན་མེད་པའི་ས་ཁོངས་སུ་ཡུལ་སྐོར་མི་བྱེད་པ་བཅས་ཀྱི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།