“ལྔ་གཅིག” གུང་གསེང་སྐབས་སུ་མཚོ་བྱང་གི་རིག་གནས་ཡུལ་སྐོར་ཁྲོམ་རས་གྲུབ་འབྲས་གསར་པ་བླངས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ5པའི་ཚེས6ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ནས་རྒྱུས་ལོན་པ་ལྟར་ན། “ལྔ་གཅིག” གུང་གསེང་སྐབས་སུ་མཚོ་བྱང་རིག་གནས་ཡུལ་སྐོར་ཁྲོམ་རར་མི་ཚོགས་འདུས་ཚད་རྒྱུན་མཐུད་ངང་ཇེ་མཐོར་གྱུར་པ་དང་། ཡུལ་སྐོར་དཔལ་འབྱོར་ཚད་གཞི་ཁྱོན་ཡོངས་ནས་འཕར་སྣོན་བྱུང་། ཟླ5པའི་ཚེས5ཉིན་བར། ཁུལ་ཡོངས་ཀྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི10.0928སྣེ་ལེན་བྱས་པ་དེ་དུས་མཉམ་ལས33.4%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི3744.39མངོན་འགྱུར་བྱུང་བ་དེ་དུས་མཉམ་ལས34.48%འཕར་ཡོད་པས་གྲུབ་འབྲས་མངོན་གསལ་བླངས།

མཛེས་ལྗོངས་ཁུལ་གཙོ་བོ་དག་གཞི་གྲངས་འཕར་བྱེད་གཙོ་བོར་གྱུར་ཡོད་དེ། མཚོ་བྱང་ཁུལ་གྱི་མཛེས་ལྗོངས་ས་ཁུལ45རྒྱུན་ལྡན་ངང་སྒོ་ཕྱེས་པས“ལྔ་གཅིག” གུང་གསེང་སྐབས་སུ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས83487སྣེ་ལེན་བྱས། གངས་དཀར་ཕྱོགས་ལས་རྣམ་རྒྱལ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས18130སྣེ་ལེན་བྱས་ཏེ་ཡུལ་སྐོར་བ་ཆེས་མང་ས་ཡིན་པས་ཨང་དང་པོར་གྱུར། ཨོ་པཱོ་མཁར་དམར་རྗེས་ཤུལ་སྤྱི་གླིང་དང་ལྷ་ཆབ་ཐང་སྐྱེ་ཁམས་ཉམས་ལེན་ཁུལ་གཉིས་ཨང་གཉིས་པར་གྱུར། རིག་གནས་རྟེན་མཛོད་ཁང་གི་ཁྲོད་མཚོ་སྔོན་རྡུལ་ཕྲན་གྲོང་རྗེས་དྲན་ཁང་གིས་ཡུལ་སྐོར་བ5758སྣེ་ལེན་བྱས་ཏེ་ཨང་དང་པོར་གྱུར་ཡོད།

སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ལུས་རྩལ་བྱེད་སྒོས་ཡུལ་སྐོར་བར་རོལ་མྱོང་གི་ཉམས་སྣང་གསར་བ་བསྩལ་ཡོད། མཚོ་བྱང་ཁུལ་རིག་གནས་ཡུལ་སྐོར་མ་ལག་གིས་དྲ་ཐོག་དང་དྲ་ཕྱིའི་རིག་གནས་དམངས་ཕན་བྱེད་སྒོ་རྣམ་གྲངས65སྤེལ་ཞིང་། དེའི་ཁྲོད་དུ་དམངས་སྲོལ་རིག་གནས་འགྲེམ་སྤེལ་དང་རིག་རྩལ་འཁྲབ་སྟོན། ཕྱི་རོལ་གྱི་འགྲན་སྡུར་སོགས་ནང་དོན་མང་པོ་འདུས། “ལྔ་གཅིག་ལ་རྟེན་འབྲེལ་ཞུས་ནས་ཡུལ་སྐོར་དུས་བཟང་བསུ”ཞེས་པའི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་མདའ་འཕེན་གདན་ཞུའི་འགྲན་སྡུར་དང་། “མཚོ་སྔོན་པོའི་བྱ་གཟིགས་དུས་ཚིགས” མཐོ་སྒང་གི་རྟ་རྒྱུག་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྣ་མང་སྤེལ་ཏེ། ཡུལ་སྐོར་བ་དང་ས་གནས་མང་ཚོགས་མི་ཐེངས30443བཀུག་པས་ཡུལ་སྐོར་གྱི་ཟུར་སྣོན་རིན་ཐང་མཐོར་འདེགས་སུ་བཏང་།

ཡུལ་སྐོར་བྱེད་སྟངས་ཀྱི་ཐད་སྒེར་འཁོར་སྐོར་མཁན་གཙོ་བོར་གྱུར་ཡོད། ཁུལ་དང་རྫོང་གིས་མཉམ་འབྲེལ་ངང་བཏོན་པའི་འཛིན་བྱང་ཉོ་མི་དགོས་བ་དང་ཟ་ཁང་གིས་ཕབ་གཅོག་བྱེད་པ་སོགས་ཀྱི་གཟིགས་ཕན་བྱེད་ཐབས་སྤྱད་དེ་སྒེར་འཁོར་སྐོར་མཁན་མི་ཐེངས68352བཀུག་པ་སྟེ་སྤྱིའི་མི་གྲངས་ཀྱི67.72%ཟིན། གཞན་ད་དུང་། ཞིང་སྡེ་ཡུལ་སྐོར་ལའང་གསོན་ཤུགས་གསར་བ་རྒྱས་ཡོད་དེ་སྐར་རིམ་ཅན་གྱི་ཞིང་སྡེ་ཡུལ་སྐོར་སྣེ་ལེན་ས་ཚིགས26ལ་དགའ་བསུ་ཆེན་པོ་ཐོབ་ཡོད། མིན་ཡོན་རྫོང་རྒྱལ་ཁབ་སེམས་ཉིད་ནགས་ཚལ་སྤྱི་གླིང་གིས་ཡུལ་སྐོར་མི་ཐེངས5000ལས་བརྒལ་བ་སྣེ་ལེན་བྱས་ཤིང་། ཡུལ་སྐོར་བ་རྣམས་ཀྱིས་ཞིང་སྡེའི་མཛེས་ལྗོངས་དང་རྣམ་པ། ཞིང་སྡེའི་ཟས་རིགས་སྣ་ཚོགས་ཉམས་སུ་མྱོང་བས་ཞིང་སྡེའི་ཡུལ་སྐོར་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།