གུང་གསེང་སྐབས་སུ་གཅན་ཚའི་རིག་གནས་ཡུལ་སྐོར་ཚོང་རར་གསོན་ཤུགས་རྒྱས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

   “ལྔ་གཅིགགུང་གསེང་རིང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་ནང་དོན་ཕུན་སུམ་ཚོགས་པའི་གུང་གསེང་དུས་ཆེན་གྱི་བྱ་འགུལ་དང་། ཁྱད་ཆོས་ལྡན་པའི་བརྗོད་དོན་གཙོ་བོའི་ཡུལ་སྐོར་ལམ་ཐིག རིག་གནས་ཡུལ་སྐོར་ཐོན་རྫས་བཅས་རྩ་འཛུགས་འོས་སྦྱོར་བྱས་པས། རྒྱ་ཆེའི་ཡུལ་སྐོར་བའི་དགོས་མཁོ་སྣ་ཚོགས་སྐོང་ཐུབ་པ་དང་རིག་གནས་ཡུལ་སྐོར་འཛད་སྤྱོད་ཁྲོམ་ར་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། སྡོམ་རྩིས་བྱས་པ་ལྟར་ན། ད་ལོའིལྔ་གཅིགརིང་གཅན་ཚ་རྫོང་དུ་ཡུལ་སྐོར་བ་མི་ཐེངས་ཁྲི9.07སླེབས་པ་དང་། དུས་མཉམ་ལས23.6%འཕར། ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི1321.4ལ་སླེབས་པ་དེ་དུས་མཉམ་ལས20.9%འཕར་ཡོད།  

    ལྔ་གཅིགགུང་གསེང་རིག་གནས་ཡུལ་སྐོར་ཁྲོམ་ར་བརྟན་བརླིང་དང་འཁོར་སྐྱོད་ཡོང་བར་འགན་ལེན་བྱ་ཆེད། གཅན་ཚ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། བྱ་བའི་ཚོ་ཆུང་བཙུགས་ནས་མཛེས་ལྗོངས་ཁུལ་དུ་བདེ་འཇགས་ལ་གནོད་པའི་རྐྱེན་ངན་ཞིབ་བཤེར་དང་། འཕྲོད་བསྟེན་ཁོར་ཡུག་བཅོས་སྐྱོང་། ཡུལ་སྐོར་ཞབས་ཞུ་གསོ་སྦྱོང་སོགས་ཀྱི་ལས་དོན་སྤེལ་ཞིང་། རིག་གནས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་དང་། བདེ་འཇགས་འཕྲལ་སྡོམ་འགན་སྲུང་། དྲོད་ཁོལ་ཞབས་ཞུ་མཐོར་འདེགས་སོགས་གུང་གསེང་རིག་གནས་ཡུལ་སྐོར་གཙོ་གནད་ལས་དོན་གཅིག་གྱུར་གྱིས་སྐུལ་འདེད་བཏང་། གུང་གསེང་སྔོན་དུ། གཅན་ཚ་རྫོང་རིག་གནས་ཡུལ་སྐོར་དྲིལ་སྒྲོག་ཚོ་ཆུང་པེ་ཅིན་དང་། ཐེན་ཅིན། ཅང་སུའུ་སོགས་སུ་སོང་ནསརབ་མཛེས་མཚོ་སྔོན། མཛེས་པའི་གཅན་ཚའིརིག་གནས་ཡུལ་སྐོར་དྲིལ་སྒྲོག་ཚོང་འགུག་དངུལ་འདྲེན་དང་ཞིང་ཕྱུགས་ཐོན་རྫས་ངོ་སྤྲོད་ཀྱི་བྱ་འགུལ་སྤེལ་ཞིང་། གཅན་ཚའི་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཞིང་ཕྱུགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཕྱོགས་ཡོངས་ནས་དྲིལ་སྒྲོག་བྱས་ཏེ།རབ་མཛེས་མཚོ་སྔོན། མཛེས་པའི་གཅན་ཚའིསྐད་གྲགས་དང་མཚན་སྙན་སྔར་བས་ཆེ་རུ་ཕྱིན་ཡོད།

    གུང་གསེང་རིང་། རྫོང་ཡོངས་ཀྱི་ཡུལ་སྐོར་ཁེ་ལས་དང་འབྲེལ་བའི་ལས་བགོས་ཁ་གསལ་བཟོས་པ་དང་། དུས་ཆེན་གྱི་གུང་གསེང་ཆུ་ཚོད24རིང་ལས་རེས་དང་འགན་འཁུར་པས་ལས་འཛིན་བྱེད་པའི་གཏན་འབེབས་ཁག་ལག་བསྟར་བྱས་ཏེ། སྔོན་དཔག་མཉམ་འགུལ་དང་། གཅིག་གྱུར་རོགས་སྦྱོར། ཆ་འཕྲིན་འབྲེལ་མཐུད་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་གོང་འོག་ཤར་གཏོང་གི་དོ་དམ་མ་ལག་དང་བདེ་འཇགས་འགན་སྲུང་མཉམ་འགུལ་གྱི་ནང་རྐྱེན་ཆགས་པ་རེད། རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིདང་བླངས་ཞབས་ཞུ་རུ་ཁགསྒྲིག་འཛུགས་བྱས་ཏེ་མཛེས་ལྗོངས་ཁུལ(མཛེས་ལྗོངས་ལྟེ་གནས)ཁག་ཏུ་དང་བླངས་ཞབས་ཞུ་སྤེལ་ཞིང་། འགྲིམ་འགྲུལ་མཛུབ་ཁྲིད་དང་། སྒྲིག་ལམ་སྲུང་སྐྱོབ། ཡུལ་སྐོར་བ་ཚོའི་བློ་འདྲི་ལ་ལན་འདེབས་པ་བཅས་བྱས་ཏེ་ཡུལ་སྐོར་པ་ཚོར་ཡུལ་སྐོར་སྐབས་སུ་འཕྲད་པའི་གནད་དོན་ཐག་གཅོད་བྱས། གུང་གསེང་རིང་ཞུ་སྦྱོར15བདག་སྤྲོད་བྱས་ཏེ་མགྱོགས་མྱུར་ངང་བསྒྲུབས་ནས་རྫོང་ཡོངས་ཀྱི་གུང་གསེང་རིག་གནས་ཡུལ་སྐོར་ཁྲོམ་ར་བདེ་འཇགས་དང་གོ་རིམ་ལྡན་པ་ཞིག་ཡོང་བར་འགན་སྲུང་བྱེད་པར་ནུས་ཤུགས་བཏོན་ཡོད། །   

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།