2025ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་ཟླ5བའི་ཚེས19ཉིན་ནས་བཟུང་སྤེལ་རྒྱུ་རེད།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

 ཟླ5བའི་ཚེས15ཉིན། གསར་འགོད་པས2025ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། 2025ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་ནི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་།“སྐྱེ་ཁམས་དང་མི་ཆོས། མཉམ་འདྲེས། གསར་གཏོད”བཅས་བརྗོད་དོན་སུ་བྱས་ནས། ཟླ5བའི་ཚེས19ནས་ཚེས23བར་འཚོག་རྒྱུ་ཡིན་པ་དང་དུས་ཡུན་ཉིན5རེད། ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་ཕུན་སུམ་ཚོགས་ཤིང་སྣ་མང་ཡིན་པ་དང་། བརྗོད་དོན་བཅུ་དྲུག་འདུས་པའི་བྱེད་སྒོ་དེས་མང་ཚོགས་ལ་རིག་གནས་ཡུལ་སྐོར་གྱི་གསོལ་སྟོན་རྒྱ་ཆེན་ཞིག་འགྲེམས་སྟོན་བྱ་རྒྱུ་རེད། 

2025ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་གཙོ་བོ་ཟི་ལིང་གྲོང་ཁྱེར་དུ་འཛུགས་རྒྱུ་ཡིན་པ་དང་། བྱེད་སྒོ་གཞན་དག་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་མཉམ་དུ་སྤེལ་རྒྱུ་རེད། “རླབས་འཕྱུར་མཚོ་སྔོན”གྱི་ཚོགས་ར་གཙོ་བོའི་མགོ་ཚུགས་མཛད་སྒོ་ཟླ5བའི་ཚེས19ཉིན་གྱི་སྔ་དྲོར་ཟི་ལིང་གྲོང་ཁྱེར་ཞིན་ཉིང་ཐང་ཆེན་དུ་འཚོག་རྒྱུ་རེད། མགོ་ཚུགས་མཛད་སྒོར་རིག་གནས་ཡུལ་སྐོར་གྱིAIགཙོ་སྐྱོང་པས་གཙོ་སྐྱོང་བྱས་ནས་ཡུལ་དངོས་སུ་ལྟད་མོ་བ་དང་རིག་ནུས་མཉམ་འགུལ་བྱ་རྒྱུ་ཡིན་པར་མ་ཟད། ད་དུང་འཕྲུལ་མིས་གསར་གཏོད་བྱས་པའི་ཞབས་བྲོ་འཁྲབ་སྟོན་བྱས་ནས། ཚང་མར་ཚན་རྩལ་དང་རིག་གནས་ཡུལ་སྐོར་སྒྱུ་རྩལ་བར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རོལ་མྱོང་བྱེད་དུ་འཇུག་རྒྱུ་རེད། “རིག་ནུས་མཚོ་སྔོན་དུ་ལོངས་སྤྱོད་བྱེད”ཅེས་པའི་གྲུབ་འབྲས་འགྲེམས་སྟོན་དང་ཉམས་ལེན་བྱེད་སྒོ་ཟླ5བའི་ཚེས19ཉིན་ནས་ཚེས23ཉིན་བར། ཞིན་ཉིང་ཐང་ཆེན་དུ་འཚོག་རྒྱུ་ཡིན་པ་དང་། བསྡོམས་པསA B C D Eབཅས་འགྲེམས་ཁུལ་ལྔ་བཙུགས་ནས། གཞི་གྲངས་ཚན་རྩལ་དང་གཟུགས་འདས་རིག་གནས་ཤུལ་བཞག མཛེས་ལྗོངས་ཁུལ་དུ་བྱང་བུ་རྒྱག་པ། ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་འཁྲབ་སྟོན། ཁྱད་ལྡན་ཞིམ་ཟས་སོགས་ནང་དོན་མི་འདྲ་བ་སོ་སོ་འགྲེམས་སྟོན་བྱ་རྒྱུ་རེད། 

ཟླ5བའི་ཚེས19ཉིན། ཀྲུང་གོའི་ཡུལ་སྐོར་ཉིན་མོའི་མཚོ་སྔོན་ཚོགས་ར་གཙོ་བོའི་བྱེད་སྒོ་དེ2025ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་དང་དུས་མཉམ་དུ་འཚོག་རྒྱུ་རེད། བྱེད་སྒོ་དེ“ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས་གསོ་བཅོས”མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བར་དམིགས་ནས། སྤྱི་ཕན་དམངས་ཕན་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། དམར་པོའི་ཡུལ་སྐོར་ལམ་ཐིག་སྤུས་ལེགས་དང་གཟིགས་སྐྱོང་བྱེད་ཐབས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པར་མ་ཟད། དཔལ་ཡོན་ཡུལ་སྐོར་དང་བདེ་འཇགས་ཡུལ་སྐོར། ཡིད་རྟོན་གཉེར་སྐྱོང་དྲིལ་བསྒྲགས་སོགས་སྤྱི་ཕན་དམངས་ཕན་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད། ཉིན་དེའི་ཕྱི་དྲོར“བློ་རིག་ལ་བརྟེན་ནས་མ་འོངས་པར་གཟིགས་པ”ཞེས་པའི་རིམ་སྤེལ་མཉམ་སྤྱོད་ཚོགས་འདུ་ཞིང་ཆེན་རྟེན་རྫས་གླིང་དང་། ཞིང་ཆེན་དཔེ་མཛོད་ཁང་། ཞིང་ཆེན་རིག་གནས་ཁང་བཅས་སུ་འཚོག་རྒྱུ་རེད། མཉམ་སྤྱོད་ཚོགས་འདུའི་སྟེང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བསྐྲུན་པ་དང་། རྨ་ཙོང་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ། “རི་མགོ་ཆུ་ཁུངས། རབ་མཛེས་མཚོ་སྔོན”ཞེས་པའི་ཟོང་རྟགས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། རྒྱལ་སྤྱིའི་ཅན་གྱི་ཚད་ལྡན་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལས་དོན་ལག་བསྟར་བྱ་རྒྱུ་སོགས་བརྗོད་དོན་ལ་དམིགས་ཏེ། རྒྱལ་ནང་གི་ཆེད་མཁས་པ་མིང་གྲགས་ཅན་གདན་འདྲེན་ཞུས་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱ་སྐྱེད་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་ནུས་ཤུགས་གཅིག་སྒྲིལ་བྱ་རྒྱུ་རེད། 

ཟླ5བའི་ཚེས20ཉིན་ནས་ཚེས21ཉིན་བར། སྟོབས་ཤུགས་གཅིག་སྒྲིལ་གྱིས་ལྕགས་རྟར་ཞོནཔའི་ལྕགས་རྟའི་འགྲན་བསྡུར་བྱེད་དེ་སྒོ་ཟི་ལིང་ལྟེ་གནས་ཐང་ཆེན་དང་ཧའེ་ཧུའུ་ལུས་རྩལ་ལྟེ་གནས་སུ་འཚོག་རྒྱུ་རེད། ཟླ5བའི་ཚེས20ཉིན། ཟི་ལིང་ནས་ལམ་དུ་ཆས་པའི་སྒེར་འཁོར་གཏོང་བའི་མཛད་སྒོ་ཡང་འཚོག་རྒྱུ་རེད། ཞབས་བྲོའི་ཟློས་གར《ཁུ་ནུའི་སྙོང་སྟོབས》ཞེས་པ་དེ་ཟླ5བའི་ཚེས17ཉིན་ནས་ཚེས21ཉིན་བར་དགོང་མོའི་ཆུ་ཚོད19:30སྟེང་མཚོ་སྔོན་ཟློས་གར་ཁང་ནས་བསྟུད་མར་ཐེངས5འཁྲབ་སྟོན་བྱ་རྒྱུ་རེད། ཟླ5བའི་ཚེས19ཉིན་ནས་ཚེས22ཉིན་བར་གྱི་དགོང་མོར། ཞིན་ཉིང་ཐང་ཆེན་དུ“མཚོ་སྔོན་དུ་ལྟ་སྐོར་བྱེད”ཅེས་པ་བརྗོད་དོན་ཡིན་པའི་ཆེད་དོན་རིག་རྩལ་འཁྲབ་སྟོན་ཐེངས་བཞི་བྱ་རྒྱུ་རེད། ཟླ5བའི་ཚེས21ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི“དཔེ་དེབ་མེ་འཁོར་སྟེང་བསྐྱོད་པ་དང་མེ་འཁོར་འབབ་ཚུགས་སུ་བསྐྱོད་པ”ཞེས་པའི་བྱེད་སྒོའི་མགོ་འཛུགས་མཛད་སྒོ་ཟི་ལིང་གྲོང་ཁྱེར་མེ་འཁོར་འབབ་ཚུགས་སུ་འཚོག་རྒྱུ་རེད། ཟླ5བའི་ཚེས19ཉིན་ནས་ཚེས23ཉིན་བར། ཞིན་ཉིང་ཐང་ཆེན་དང་ལྟེ་གནས་ཐང་ཆེན་དུ་རྒྱ་ཆེའི་མང་ཚོགས་ལ་སྤྱི་ཕན་རང་བཞིན་གྱི《མཚོ་སྔོན་དང་ང་ཚོའི་རྒྱལ་ཁབ་སྤྱི་གླིང》སོགས་མཚོ་སྔོན་གྱི་གཞི་རྒྱུ་འདུས་པའི་གློག་བརྙན་མང་པོ་འགྲེམས་སྟོན་བྱ་རྒྱུ་རེད། 

ཟླ5བའི་ཚེས18ཉིན་ནས་ཚེས23ཉིན་བར། ཞིན་ཉིང་ཐང་ཆེན་དུ་རིག་གནས་གསར་གཏོད་ཐོན་རྫས་འགྲེམས་སྟོན་དང་། སྤྱི་ཕན་རིག་དངོས་གསལ་འབྱེད། རིག་དངོས་ཤེས་བྱའི་འཆད་ཁྲིད་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད། ཟླ5བའི་ཚེས19ཉིན་ནས་ཚེས23ཉིན་བར། ཞིན་ཉིང་ཐང་ཆེན་དུ་ད་དུང་ཆེད་དོན་འགྲེམས་སྟོན་བྱས་ཏེ། མཚོ་སྔོན་གྱིས་རིག་ནུས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གསར་པ་མངོན་རྒྱུ་རེད། དེ་དང་ཆབས་ཅིག “སྐྱེ་ཁམས་མཐོང་ལམ”ཞེས་པ་བརྗོད་དོན་ཡིན་པའི་པར་ལེན་བརྩམས་ཆོས་འགྲེམས་སྟོན་མཚོ་སྔོན་མཛེས་རྩལ་ཁང་དུ་འཚོགས་ནས། ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་སྟེང་ནས་མཚོ་སྔོན་གྱི་རང་བྱུང་མཛེས་ལྗོངས་དང་དམངས་སྲོལ་ཉམས་འགྱུར་མངོན་རྒྱུ་རེད། 

2025ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་སུ། སྨྱན་སྦྱོར་སྡེ་ཁག་བརྒྱ་ལྷག་གདན་འདྲེན་ཞུས་ནས་གཏིང་ཟབ་སྒོས་མཚོ་སྔོན་དྲིལ་སྒྲོག་བྱས་ཏེ། མཚོ་སྔོན་དུ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་སྐྲུན་པའི་གསོན་ཉམས་ལྡན་པའི་ལག་ལེན་དང་གཡུར་དུ་ཟ་བའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་རྒྱུ་རེད། དེ་དང་ཆབས་ཅིག ལུས་རྩལ་སྣ་ཚོགས་ཀྱི་ཆེད་དོན་འགྲེམས་སྟོན་བྱས་ནས། རིག་གནས་དང་ཡུལ་སྐོར། ལུས་རྩལ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཕན་འབྲས་གང་ལེགས་མངོན་རྒྱུ་རེད། དེ་ལས་གཞན། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་དུས་བཀག་བགོས་ནས་འགྲེམས་ཚོགས་ལྟེ་གནས་སུ་བརྗོད་དོན་ཉིན་མོའི་བྱེད་སྒོ་སྤེལ་རྒྱུ་ཡིན་པར་མ་ཟད། ས་གནས་སོ་སོ་རུ་རིག་གནས་ཡུལ་སྐོར་རིམ་སྤེལ་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་རེད། ། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།