མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྔར་ལས་ཚད་ལྡན་དུ་གཏོང་བ་དང་། ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། བདེ་འཇགས་བརྟན་ཞིང་གོ་རིམ་ལྡན་པའི་ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་གཏོད་པ། ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཅས་གཏང་ཆེད་མཚོ་སྔོན་གྱིས་བྱེད་ཐབས་མང་པོ་སྤྱད་དེ་ཡུལ་སྐོར་ཁང་གི་ཡུལ་སྐོར་རླངས་འཁོར(གྲུ)གླ་པའི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏང་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཁང་ཁག་གིས་ངེས་པར་དུ་ཁྲིམས་མཐུན་གྱི་འཁོར་སྐྱོད་ཐོབ་ཐང་ལྡན་པ་དང་བདེ་འཇགས་ཀྱི་བླང་བྱ་དང་མཐུན་པའི་ཡུལ་སྐོར་རླངས་འཁོར་དང་ཡུལ་སྐོར་གྲུ་འདེམས་ཏེ། ཚད་ལྡན་གྱི་ཡུལ་སྐོར་རླངས་འཁོར་གླ་པའི་གན་རྒྱ་འཇོག་དགོས། རླངས་འཁོར་སྤྱོད་པའི“གླ་མི་རུང་བ་ལྔའི”ལམ་ལུགས་དང་ཡུལ་སྐོར་གྲུ་གཟིངས་ཀྱི“གླ་མི་རུང་བ་གསུམ་གྱི”བླང་བྱ་ལག་བསྟར་ནན་པོ་བྱེད་པ་ལས། ཞིང་ཆེན་གཞན་གྱི་ཡུལ་སྐོར་རླངས་འཁོར་གླས་ནས་མཚོ་སྔོན་དུ་སྒྲིག་འགལ་ངང་རྒྱུག་མི་ཆོག་པའི་བླང་བྱ་བཏོན་ཡོད། ཡུལ་སྐོར་རླངས་འཁོར་གླ་སྐབས་ངེས་པར་དུ་འགྲུལ་སྐྱེལ་ཁེ་ལས་ཀྱི་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་དང་། རླངས་འཁོར་གྱི་འགྲོ་ལམ་སྐྱེལ་འདྲེན་ལག་ཁྱེར། ཁ་ལོ་བའི་ལས་གཉེར་ཐོབ་ཐང་ལག་ཁྱེར་བཅས་ཀྱི་ཆ་འཕྲིན་སོགས་ལ་ཞིབ་བཤེར་བྱེད་དགོས་པ་མ་ཟད། རླངས་འཁོར་གླ་བའི་འགྲུལ་སྐྱེལ་མཚོན་རྟགས་བྱང་བུ་ལྟར་དོན་ཚན་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་གསལ་པོར་བཀོད་ནས། རླངས་འཁོར་ཁྲིམས་སྲོལ་དང་མཐུན་པའི་སྒོ་ནས་སྐྱེལ་འདྲེན་ལས་འགན་ཚད་ལྡན་ངང་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས།
ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཁང་ཁག་གིས་ཡུལ་སྐོར་བ་རྣམས་ཀྱིས་སྐྱོབ་ཐག་སྒྲོག་རྒྱུ་དེ་བདེ་འཇགས་ཀྱི་འབྲེལ་ཐག་ཧྲིལ་པོའི་དོ་དམ་གྱི་བརྒྱུད་རིམ་གལ་ཆེན་ཞིག་ཏུ་བརྩིས་ནས། ཡུལ་སྐོར་བ་མ་བསྐྱོད་གོང་སྐྱོབ་ཐབ་སྒྲོག་པ་སོགས་དོ་སྣང་བྱེད་དགོས་པའི་དོན་དག་ལ་གཙོ་གནད་ཐོག་གསལ་བཤད་བྱེད་དགོས། ཡུལ་སྐོར་སྣེ་ཤན་པས་རླངས་འཁོར་མ་ཐོན་གོང་ཡུལ་སྐོར་བ་རྣམས་ལ་ལམ་ཐག་ཧྲིལ་པོར་སྐྱོབ་ཐག་སྒྲོག་དགོས་པའི་དྲན་སྐུལ་བྱེད་དགོས་པ་མ་ཟད། རླངས་འཁོར་བགྲོད་པའི་ལམ་བུ་དང་ལྷག་པར་དུ་མྱུར་བགྲོད་གཞུང་ལམ་དང་ཉེན་ཁ་ཆེ་བའི་ལམ་བགྲོད་སྐབས་ཡུལ་སྐོར་བ་རྣམས་ལ་ཞིབ་བཤེར་དང་སྐྱོབ་ཐག་རྒྱག་དགོས་པའི་དྲན་སྐུལ་ལ་ལྟ་སྐུལ་བྱེད་དགོས། ཡུལ་སྐོར་ཚོགས་པ་སྒྲིག་འཛུགས་བྱས་ནས་ཆུ་ཐོག་ཏུ་ཡུལ་སྐོར་དང་ལྟ་སྐོར་བྱེད་སྐབས་ངེས་པར་དུ་ཁྲིམས་མཐུན་གྱི་ཐོབ་ཐང་ལྡན་པའི་ཡུལ་སྐོར་གྲུ་གཟིངས་སུ་སྡོད་དགོས་པ་དང་། ཡུལ་སྐོར་སྣེ་ཤན་པས་དྲན་སྐུལ་ཡག་པོ་བྱས་ནས་ཡུལ་སྐོར་བས་སྲོག་སྐྱོབ་ལྭ་བ་ཚད་ལྡན་ངང་གྱོན་རྒྱུའི་འགན་སྲུང་བྱེད་དགོས།
དུས་མཚུངས་སུ་ཡུལ་སྐོར་ལས་དོན་ཁང་ཁག་གིས་ཉེན་ཁའི་དཔྱད་དཔོག་ལ་ཤུགས་སྣོན་བྱེད་པ་དང་། ལུགས་མཐུན་གྱི་ལམ་ཐག་བཀོད་སྒྲིག་བྱེད་པ། བདེ་འཇགས་འཕྲལ་སྡོམ་སྔོན་ཇུས་བཟོ་བ། ལས་མི་ཡོངས་ཀྱི་བདེ་འཇགས་སློབ་གསོ་གསོ་སྦྱོང་དང་འགྲིམ་འགྲུལ་བདེ་འཇགས་ལས་འཛོལ་འཕྲལ་སྡོམ་རོགས་སྐྱོབ་ནང་སྦྱོང་ཡག་པོ་བྱས་ཏེ་ཡུལ་སྐོར་བྱེད་སྒོའི་ཁྲོད་ཀྱི་ཡུལ་སྐོར་སྣེ་ཤན་པའི་བདེ་འཇགས་དྲན་སྐུལ་དང་། ཉེན་བརྡ་གཏོང་བ། རོགས་སྐྱོབ་འགན་འཁྲི་བཅས་ཁ་གསལ་དང་ལག་བསྟར་བྱེད་དགོས། ཡུལ་སྐོར་བྱེད་རིང་གནམ་གཤིས་དང་། འགྲིམ་འགྲུལ། སྤྱི་བདེ་སོགས་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཉེན་ཟོན་ཉེན་བརྡའི་ཆ་འཕྲིན་ལ་དོ་ཁུར་དམ་ཟབ་བྱས་ཏེ། གློ་བུར་དུ་ཆུ་ལོག་གི་གནས་ཚུལ་དང་འགྲོ་ལམ་བཀག་སྡོམ་སོགས་ཛ་དྲག་གི་གནས་ཚུལ་འཕྲད་ཚེ་བྱེད་ཐབས་ནུས་ལྡན་སྤྱད་དེ་ཁ་གཏད་གཅོག་ནས་ཚོགས་པའི་ཡུལ་སྐོར་ལམ་ཐིག་དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས།