དབྱར་གནང་བསླེབ་ལ་ཉེ་པས། ས་ཁུལ་སོ་སོའི་ཡུལ་སྐོར་ལས་རིགས་མུ་མཐུད་དུ་ཇེ་མང་དུ་འགྲོ་བཞིན་ཡོད། སྒོ་ཕྱིར་བསྐྱོད་པར། གཙང་དག་དང་གྲལ་འགྲིག་པ། གོ་རིམ་ལྡན་པ་བཅས་ཀྱི་ལྟ་སྐོར་ཁོར་ཡུག་ཅིག་ཡོད་ན། སྔར་ལས་ལེགས་པའི་ཡུལ་སྐོར་གྱི་རོལ་མྱོང་བསྩོལ་ཐུབ། འོན་ཀྱང་། འདི་ནི་མི་རེ་རེའི་རང་རྟོགས་བདག་སྐྱོང་ལ་རག་ལས་པ་ཡིན།
རྒྱལ་དམངས་བྱང་ཚད་ཇེ་མཐོར་སོང་བ་དང་། དེའི་ཁར་དུས་ཡུན་རིང་པོའི་དཔལ་ཡོན་གསོ་སྐྱོང་དང་དཔལ་ཡོན་ལག་ལེན། དཔལ་ཡོན་གསར་སྐྲུན་བཅས་ཀྱི་ལས་དོན་སྤེལ་བ་དང་བསྟུན། དཔལ་ཡོན་ཡུལ་སྐོར་གྱི་འདུ་ཤེས་དེ་ཉིན་རེ་བཞིན་མི་སེམས་ལ་གཤགས་ཡོད། ལྗོན་ཤིང་ལ་གཏོར་བརླག་མི་བྱེད་པ་དང་སྤྱི་བའི་འདུ་གནས་སུ་སྐད་གསེང་མཐོན་པོ་མི་རྒྱག་པ། རིག་དངོས་ལ་གནོད་སྐྱོན་མི་བཟོ་བ་སོགས་ནི་མི་སྔར་ལས་མང་པོ་ཞིག་གི་རང་འགུལ་གྱི་འགུལ་སྐྱོད་དུ་འགྱུར་བཞིན་ཡོད།
དུས་རབས་ཀྱི་འཕེལ་རྒྱས་ཀྱིས་དཔལ་ཡོན་ཡུལ་སྐོར་ལ་ནང་དོན་གསར་བ་བསྩལ་ཡོད། དཔེར་ན། རང་གཉེར་སྨྱན་བྱད་ཀྱི་དུས་སྐབས་སུ། རང་སོ་སོའི་པར་མིག་ལ་དོ་དམ་ཡག་པོ་བྱེད་པ་ནི་དཔལ་ཡོན་ཅེས་པར་ཡོད་འོས་པའི་དོན་སྙིང་ཅིག་རེད། ཡང་དཔེར་ན། རྒྱལ་ཁོངས་བརྒལ་བའི་ཡུལ་སྐོར་འཕེལ་རྒྱས་ཕྱིན་པ་དེས། ཡུལ་སྐོར་པ་རེ་རེ་ནི་ཚད་གཞི་ངེས་ཅན་ཞིག་གི་སྟེང་ནས་བཤད་ན“ཀྲུང་གོའི་མིང་བྱང”ཡིན་པས། ངེས་པར་དུ“ཀྲུང་གོའི་མཚན་སྙན“ཇེ་ཡག་དང་དེར་སྲུང་སྐྱོབ་བྱེད་དགོས། ཡུལ་སྐོར་བྱ་སྤྱོད་དེ་མ་གཞི་ནས་བསམ་པའི་དཔལ་ཡོན་གྱི་སྒེའུ་ཁུང་ལྟ་བུར་འགྱུར་བར་བྱས་ཏེ། དཔལ་ཡོན་ནི་ནམ་ཡིན་ཡང་གཙོ་བོར་འཛིན་དགོས།
མི་རེ་འགས་སྣང་ཚུལ་ཞིག་ལ་དོ་སྣང་བྱེད་སྲིད་དེ། དེ་ནི་ད་ལྟ་མྱུར་བགྲོད་ལྕགས་ལམ་ཐོག་ཐ་མག་འཐེན་མཁན་མཐོང་དཀོན་པ་དེ་རེད། དེའི་རྒྱུ་མཚན་ཅི་ཡིན་ནམ་ཞེ་ན། དེ་ནི་བྱེ་བྲག་གི་གཏན་འབེབས་དང་ནུས་ལྡན་གྱི་ལག་བསྟར་དང་ཁ་འབྲལ་ཐབས་མེད། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་དཔལ་ཡོན་ནི་དོ་དམ་ལས་བྱུང་བ་ཞིག་ཡིན། ཡུལ་སྐོར་གྱི་དཔལ་ཡོན་མིན་པའི་བྱ་སྤྱོད་བཅོས་སྒྲིག་བྱེད་སྐབས། ཕྱོགས་སོ་སོས་དམིགས་སའི་རང་བཞིན་དོ་དམ་བྱེད་ཐབས་མང་པོ་བཏོན་ཡོད། རྗེས་ཀྱི་ཆད་གཅོད་བསླབ་འདོམས་ལས་སྔོན་གྱི་ཁ་ཏ་བྱས་ན་བཟང་། དཔལ་ཡོན་མིན་པའི་ཡུལ་སྐོར་བྱ་སྤྱོད་ཁག་གཅིག་གི་ཁྲིམས་འགལ་སྒྲིག་འགལ་གྱི་མ་གནས་བལྟོས་བཅས་ཀྱིས་ཅུང་དམའ་བ་མ་ཟད། དཔལ་ཡོན་མིན་པའི་བྱ་སྤྱོད་ཁ་ཤས་ཀྱིས་བཟོས་པའི་གཏོར་བརླག་ནི་ལྡོག་ཐབས་མེད་པ་ཞིག་རེད། དེ་བས། འདིས་ང་ཚོར་འབྲེལ་ཡོད་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་ལས་དོན་དེ་སྔོན་ལ་བསྒྲུབ་དགོས་པའི་དྲན་སྐུལ་གནང་ཡོད། འགག་སྒོ་མདུན་དུ་སྤོས་ནས། བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ན། མི་རྣམས་ཀྱི་སྤྱི་པའི་འདུ་ཤེས་དང་སྒྲིག་སྲོལ་གྱི་འདུ་ཤེས། དཔལ་ཡོན་གྱི་འདུ་ཤེས་བཅས་མཐོ་རུ་གཏོང་རྒྱུར་ཕན་ཐོགས་ཡོད།
དཔལ་ཡོན་འཆམ་མཐུན་དང་། བདེ་འཇགས་རིམ་ལྡན་གྱི་ཡུལ་སྐོར་ཁོར་ཡུག་ནང་། ཡུལ་སྐོར་བ་ནི་ཕན་ཁེ་ཐོབ་མཁན་ཡིན་ལ། འཛུགས་སྐྲུན་བྱེད་མཁན་ཡང་ཡིན། ཆུང་སར་དམིགས་པ་དང་དོན་ཆུང་ནས་སྒྲུབ་མགོ་བརྩམས་ཏེ། ཚད་གཞི་དེ་བས་མཐོ་བའི་ཐོག་ནས་རང་ཉིད་ལ་བླང་བྱ་དང་ཚོད་འཛིན་བྱས་ཚེ། ཡུལ་སྐོར་བ་རང་ཉིད་ནི་འགྲུལ་བཞུད་ཁྲོད་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་འགྱུར་ངེས། མི་ཚང་མས་རྒྱབ་སྐྱོར་དང་མི་ཚང་མ་ཞུགས་ཚེ། དཔལ་ཡོན་གྱི་ཡུལ་སྐོར་ལས་དོན་ལ་གཞི་ནས་རྒྱུན་ཆད་མེད་པར་རོགས་རམ་ཐོབ་ཐུབ། དཔལ་ཡོན་དང་བདེ་ཐང་། ལྗང་མདོག་ཡུལ་སྐོར་བཅས་ཀྱི་དར་སྲོལ་གསར་པ་དེ་ཐུན་མོང་གི་ངོས་འཛིན་དུ་འགྱུར་བ་དང་འགུལ་སྐྱོད་ཀྱི་རང་རྟོགས་སུ་འགྱུར་བར་བྱས་ན། སྤྱི་ཚོགས་ཀྱི་དཔལ་ཡོན་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་ངེས་རེད། །