ལོ་38ལ་སླེབས་པའི་དྲ་གྲགས་ཤིག་ཁྲག་ཤེད་མཐོ་བའི་དབང་གིས་གཅིན་དུག་ནད་ཕོག་ནས་ཚེ་ལས་འདས་རྗེས། ཉེ་ཆར། སྤྱི་ཚོགས་ཐོག་ན་གཞོན་ཚོའི་བདེ་ཐང་ལ་དོ་ཁུར་བྱེད་པའི་མཐོ་རླབས་ཤིག་ཕྱུར་ཡོད། ཉེ་བའི་ལོ་འགའི་རིང་། གཅིན་དུག་ནད་ན་གཞོན་ཁྲོད་ཐོན་པའི་འཕེལ་ཕྱོགས་མངོན་གསལ་དོད་དུ་ཕྱིན་ཡོད།
གཅིན་དུག་ནད་ནི་ཅི་ཞིག་ཡིན།
གཅིན་དུག་ནད་ནི་དལ་བའི་མཁལ་མའི་ནད་ཀྱི་མཇུག་མཐའི་དུས་རིམ་ཡིན། སྐབས་དེར་མཁལ་མའི་བྱེད་ལས་ཉམས་པས། མིའི་ལུས་སྟེང་གི་བརྗེ་ཚབ་ཐོན་དངོས་དང་། སྙིགས་རྫས། གཅིན་རྒྱུ་དང་ཆུ་ལྷག་མ་སོགས་ལུས་ཕྱི་ལ་ཕྱིར་གཏོང་མི་ཐུབ་པས། མིའི་ལུས་ཕུང་ལ་“དུག་ཕོག་པའི”ནད་རྟགས་དང་འདྲ་བའི་རྟགས་འདུས་ནད་རིགས་རབ་དང་རིམ་པ་འབྱུང་སྲིད། དལ་བའི་རང་བཞིན་གྱི་མཁལ་རིལ་ཆུང་བའི་མཁལ་མའི་གཉན་ཚད། བར་རྫས་རང་བཞིན་གྱི་མཁལ་མའི་གཉན་ཚད། གཅིན་པ་མངར་འགྱུར་གྱི་མཁལ་ནད་བཅས་གལ་ཏེ་དུས་ཡུན་རིང་པོར་དྲག་མེད་པའམ་ཡང་ན་ཚོད་འཛིན་ཡག་པོ་མ་བྱས་ན། ཇེ་སྡུག་ཏུ་ཕྱིན་ནས། མཇུག་མཐར་ནད་པ་ཉུང་ཤས་ཤིག་དལ་བའི་རང་བཞིན་གྱི་མཁལ་མ་ཉམས་པ་སྟེ་གཅིན་དུག་ནད་ཕོག་སྲིད།
ན་གཞོན་ཁྲོད་གཅིན་དུག་ནད་ཕོག་མཁན་ཇེ་མང་དུ་ཕྱིན་པ།
འབྲེལ་ཡོད་བརྟག་དཔྱད་གཞི་གྲངས་ལྟར་ན། འཛམ་གླིང་ཡོངས་ཀྱི་གཅིན་དུག་ནད་ཀྱི་ནད་པའི་ཆ་སྙོམས་ནད་ཕོག་པའི་ལོ་ཚོད་དེ་སྔོན་གྱི་ལོ་50ནས་60བར་ནས་རིམ་བཞིན་ལོ་30ནས་40བར་སླེབས་ཤིང་།དེ་ནས་ལོ་11ནས་20བར་འགྱུར་ལྡོག་བྱུང་ཡོད། དེའི་ནང་ལོ་20མན་གྱི་ན་གཞོན་ནད་པའི་གྲངས་འབོར་ད་དུང་ཇེ་མང་དུ་འགྲོ་བཞིན་ཡོད། དེའི་རྒྱུ་རྐྱེན་ལ་བལྟས་ན། གཙོ་བོ་བདེ་ཐང་མིན་པའི་འཚོ་བ་སྐྱེལ་སྟངས་དང་། ན་གཞོན་ཁྲོད་གཅོང་ནད་ཕོག་མཁན་ཇེ་མང་དུ་ཕྱིན་པ། བདེ་ཐང་འདུ་ཤེས་ཞན་པ་བཅས་དང་འབྲེལ་བ་དམ་ཟབ་ཡོད།
གཅོང་ནད་དོ་དམ་ཚོད་འཛིན་མ་ཐུབ་པ་སྟེ། དུས་ཡུན་རིང་པོར་ཁྲག་མངར་མཐོ་བ་དང་ཁྲག་ཤེད་མཐོ་བའི་དབང་གིས་མཁལ་རིལ་ཆུང་བ་སྲ་འགྱུར་བྱུང་ནས་རིམ་བཞིན་གཅིན་དུག་ནད་དུ་གྱུར་བ།
བདེ་ཐང་མིན་པའི་འཚོ་བ་སྐྱེལ་སྟངས་ཏེ། མཚན་འཁྱོངས་བྱེད་པ་དེ་རྒྱུན་སྲོལ་ཞིག་ཏུ་གྱུར་བ་དང་། ཉིན་རེའི་ཆ་སྙོམས་ཆུ་འཐུང་ཚད་མི་འདང་བ། ཚྭ་དང་མངར་ཆ་མང་བའི་བཟའ་བཏུང་བྱེད་པ། དུས་ཡུན་རིང་པོར་གཅིན་བཀག་ནས་གཅིན་ལམ་ལ་ཡང་ནས་བསྐྱར་དུ་འགོས་ནད་བྱུང་བ་སོགས་ཀྱིས་བདེ་ཐང་ལ་ཉེན་ཁ་ཚབས་ཆེན་བཟོ་བཞིན་ཡོད།
སྨན་རྫས་གང་བྱུང་དུ་སྤྱོད་པ་སྟེ། གཟེར་གཅོག་སྨན་འཐུང་བའི་སྣང་ཚུལ་ཡོངས་ཁྱབ་ཡིན་པ་དང་། དུག་སྲིན་འགོག་སྨན་ཚད་ལས་བརྒལ་བ་སྤྱད་པ། གྲུབ་ཆ་མི་ཤེས་པའི་ལུས་ཤ་སྐམ་དུ་གཏོང་བའི་སྨན་དང་ལུས་ཁམས་གསོ་རྫས་སོགས་བཟས་ན་ལུས་ཕུང་ལ་གནོད་པ་ཐེབས་སྲིད།
བརྗེ་ཚབ་རྒྱུན་ལྡན་མིན་པ་ཡོངས་ཁྱབ་ཏུ་འགྱུར་བ་སྟེ། གཅིན་སྐྱུར་མཐོ་བའི་ཁྲག་ནད་དང་། ལུས་ཤ་རྒྱགས་པ་ དང་འབྲེལ་བའི་མཁལ་ནད་དང་། ཁྲག་ཚིལ་མཐོ་བའི་ནད་བཅས་ཀྱིས་མཁལ་རིལ་ཆུང་བའི་འཚག་སྐྱི་ལ་གནོད་སྐྱོན་ཐེབས་པས། ནད་ཕོག་ཚད་ཇེ་མཐོར་ཕྱིན་པ།
བདེ་ཐང་བརྟག་དཔྱད་བྱེད་ཚད་མི་འདང་བ་སྟེ། གཅིན་པར་རྒྱུན་ལྡན་གྱི་བརྟག་དཔྱད་བྱས་མེད་པ་དང་། སྔ་དུས་ཀྱི་མཁལ་ནད་ཤེས་ཚད་མི་འདང་བས། ནད་གཞི་སྨན་བཅོས་འཐུས་ཤོར་ཕྱིན་པ་སོགས་ཡིན།
གཅིན་དུག་ནད་སྔོན་འགོག་ཇི་ལྟར་བྱ་དགོས།
མཁལ་མའི་བྱེད་ནུས་ལ་གནོད་པ་ཐེབས་སྲིད་པའི་ནད་རིགས་སྣ་ཚོགས་ཏེ་དཔེར་ན། ཁྲག་ཤེད་མཐོ་བའི་ནད་དང་གཅིན་པ་མངར་འགྱུར་གྱི་ནད། གཅིན་ལམ་རྡེའུ་སྐྲན་སོགས་སྨན་བཅོས་བྱས་ནས་ཚོད་འཛིན་ཡག་པོ་བྱ་དགོས།
སྨན་རྫས་གང་བྱུང་དུ་སྤྱོད་མི་རུང་། སྨན་མ་འཐུང་གོང་སྨན་པར་བློ་འདྲི་བྱེད་དགོས། མཁལ་མའི་དུག་གཤིས་སྨན་རྫས་སྤྱོད་དགོས་བྱུང་ན། དུས་བཀག་ལྟར་གཟུགས་པོར་བརྟག་དཔྱད་བྱེད་དགོས། མཁལ་མའི་བྱེད་ནུས་ལ་ཡང་དོ་སྣང་ཆེན་པོ་བྱེད་དགོས།
ལུས་ཕུང་ཇེ་དྲག་ཏུ་གཏོང་བ་དང་ལུས་སྦྱོང་རྒྱུན་འཁྱོངས་བྱ་དགོས། རིམས་འགོག་ནུས་པ་ཇེ་ཞན་དུ་སོང་ནས་གཉན་ཚད་འབྱུང་བ་དང་། མཁལ་རིལ་ཆུང་བའི་མཁལ་ཚད་སོགས་ཀྱི་ནད་རིགས་འབྱུང་བར་སྔོན་འགོག་བྱེད་དགོས།
ཚྭ་དང་མངར་ཆ། ཞག་ཚིལ་མང་བའི་ཟས་རིགས་ཉུང་དུ་གཏོང་གང་ཐུབ་བྱས་ཏེ། བདེ་ཐང་གི་བཟའ་བཏུང་དང་འཚོ་བཅུད་དོ་མཉམ་ཡོང་བར་བྱེད་དགོས། ཆུ་མང་ཙམ་འཐུང་བ། རབ་བྱུང་ན་ཉིན་རེར་ཚྭ་ཟ་ཚད་ཁེ་6ལས་ཉུང་དགོས།
ཆོས་ཉིད་ལྡན་པའི་སྒོ་ནས་ལས་སྒྲུབ་དང་ངལ་གསོ་རྒྱག་དགོས་པ་དང་། མཚན་འཁྱོངས་མི་བྱེད་པ་དང་། གཅིན་པ་སྒོམ་མི་རུང་བ་བཅས་ཡིན།