བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ཇི་ལྟར་བྱ་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
 

ཁྲིམས།

བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ཇི་ལྟར་བྱ་དགོས།

གཉེན་སྒྲིག་དང་བཟའ་འཐོར། ཁྱིམ་གྱི་འབྲེལ་བ། རོགས་སྐྱོར་བྱེད་ཐབས་སོགས་བཅའ་ཁྲིམས་འགན་འཁྲིའི་ཐད་ནས་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་དམིགས་བསལ་གྱིས་སྲུང་སྐྱོབ་བྱེད་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཡོད་དེ། དེ་ལ་གཙོ་བོ་གཤམ་གསལ་གྱི་གཏན་འཁེལ་འདི་དག་ཡོད།

གཅིག གཉེན་སྒྲིག་སྐབས་སྐྱེས་པ་དང་བུད་མེད་ཕན་ཚུན་རང་འཐད་རང་མོས་ཡིན་དགོས་པ་ལས། ཕྱོགས་གང་གིས་ཀྱང་བཙན་ཤེད་བཀོལ་མི་ཆོག་ལ། མི་གཞན་པས་དེ་ལ་ཐེ་གཏོགས་ཀྱང་བྱེད་མི་ཆོག བུད་མེད་ལོ་ན20ལ་མ་སོན་ཚེ་གཉེན་སྒྲིག་བྱེད་མི་ཆོག

གཉིས། བུད་མེད་མངལ་སྦྲུམ་པའི་དུས་སམ་ཕྲུ་གུ་སྐྱེས་ནས་ལོ་གཅིག་མ་འགོར་བར་ཁྱོ་གས་བཟའ་འཐོར་བྱེད་རྒྱུའི་རེ་འདུན་བཏོན་མི་ཆོག བཟའ་འཐོར་བྱེད་སྐབས་རྒྱུ་ནོར་བགོ་བཤའ་རྒྱག་པའམ་ཕྲུ་གུར་ལྟ་སྐྱོང་བྱེད་པའི་ཁྲོད་བུད་མེད་ལ་དམིགས་པའི་རྩ་དོན་ལག་ལེན་མཐར་ཕྱིན་བྱ་དགོས།

གསུམ། ཕྱོགས་གཅིག་གིས་ཕྲུ་གུ་སྙོར་སྐྱོང་དང་། རྒན་རྒོན་ལ་ལྟ་སྐྱོང་། ཕྱོགས་ཅིག་ཤོས་ཀྱི་ལས་ཀར་རོགས་རམ་བྱེད་པ་སོགས་ཀྱི་ཐད་འོས་འགན་ཅུང་མང་པོ་བསྒྲུབས་པ་ལ། བཟའ་འཐོར་བྱེད་སྐབས་ཕྱོགས་གཅིག་གིས་ཅིག་ཤོས་ལ་རང་ཉིད་ཀྱི་གྱོང་གུད་ཁ་གསབ་བྱ་དགོས་པའི་རེ་བ་འདོན་དབང་ཡོད་པ་དང་། ཅིག་ཤོས་ལ་གྱོང་གུད་ཁ་གསབ་བྱེད་པའི་འོས་འགན་ཡོད།

བཞི། བཟའ་འཐོར་བྱེད་སྐབས། བཟའ་ཟླ་ཕྱོགས་གཅིག་གི་འཚོ་བར་དཀའ་ངལ་ཡོད་ཚེ། ཅིག་ཤོས་ཀྱིས་རང་གི་སྡོད་ཁང་ལ་སོགས་པའི་སྒེར་གྱི་རྒྱུ་ནོར་གྱིས་རོགས་རམ་འོས་འཚམ་བྱ་དགོས།

ལྔ། ཕྱོགས་གཅིག་གིས་བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱེད་པ་དང་། མི་གཞན་དང་ལྐོག་ཏུ་མཉམ་སྡོད་བྱས་པ། ཁྱིམ་མིར་གཏུམ་སྤྱོད་དང་མནར་གཅོད་གཏོང་བ། གསོ་འགན་མི་འཁུར་བ་སོགས་ཀྱིས་བཟའ་འཐོར་བྱ་དགོས་བྱུང་ན། གནོད་འཚེ་ཕོག་མཁན་ལ་གྱོང་གུད་ཁ་གསབ་བྱ་དགོས་པའི་རེ་འདུན་འདོན་པའི་ཁེ་དབང་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།