ལུས་ཕུང་བརྟག་དཔྱད་བྱེད་སྐབས་མཆིན་པ་ཚིལ་འགྱུར་གྱི་ནད་ཡོད་ན་ཇི་ལྟར་བྱ།

ཡོང་ཁུངས། མདོ་ལ་བོད་ཡིག་ཚགས་པར།

མི་མང་པོ་ཞིག་གིས་ལུས་ཕུང་བརྟག་དཔྱད་བྱེད་སྐབས་མཆིན་པ་ཚིལ་འགྱུར་གྱི་ནད་ཡོད་པ་ཤེས་ཀྱིན་ཡོད། མི་ལ་ལས་ནད་རྟགས་གང་ཡང་མེད་པའི་མཆིན་པ་ཚིལ་འགྱུར་ལ་དོ་སྣང་བྱེད་ཀྱིན་མེད། དོན་དངོས་སུ་ང་ཚོས་སྣང་མེད་དུ་གཏན་ནས་བསྐྱུར་མི་རུང་། མཆིན་པ་ཚིལ་འགྱུར་ནི་མཆིན་པ་སྲ་འགྱུར་དུ་འགྱུར་བའི་ཉེན་ཁ་ཧ་ཅང་ཆེ། དེ་རིང་ང་ཚོས་མཆིན་པ་ཚིལ་འགྱུར་གྱི་ནད་ལ་རྒྱུས་ལོན་ཞིག་བྱ།

ཅི་ཞིག་ལ་མཆིན་པ་ཚིལ་འགྱུར་ཟེར།

མཆིན་པ་ཚིལ་འགྱུར་ནི་ཚིལ་འགྱུར་རང་བཞིན་གྱི་མཆིན་ནད་ཀྱི་བསྡུས་མིང་ཡིན། ནད་ཐོག་སྨན་བཅོས་སུ་སྒྲ་འདས་ནད་བརྟག་དངCT(གློག་རྡུལ་རྩིས་ཆས་ཀྱི་ཆེད་དུམ་བཤེར་འབེབས)སོགས་ཀྱི་གཟུགས་བརྙན་རིག་པའི་བརྟག་དཔྱད་ལ་བརྟེན་ནས་ཤེས་རྟོགས་བྱེད་ཐུབ། མཆིན་པ་ཚིལ་འགྱུར་ནི་རིགས་རྐྱང་བའི་ནད་རིགས་ཤིག་མིན་པར་རྒྱུ་རྐྱེན་སྣ་མང་པོ་ཞིག་གི་འོག་ཏུ་མཆིན་ཚིལ་གསོག་འཇོག་ཚད་ལས་བརྒལ་ཏེ་གྲུབ་པའི་ནད་རིགས་ཤིག་རེད།

མཆིན་པ་ཚིལ་འགྱུར་ནི་ཆང་བཅུད་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་དང་ཆང་བཅུད་རང་བཞིན་མ་ཡིན་པའི་མཆིན་པ་ཚིལ་འགྱུར་རིགས་གཉིས་སུ་དབྱེ་ཡོད། ང་ཚོས་རྒྱུན་དུ་གླེང་བཞིན་པའི་མཆིན་པ་ཚིལ་འགྱུར་ནི་ཆང་བཅུད་རང་བཞིན་མ་ཡིན་པའི་མཆིན་པ་ཚིལ་འགྱུར་ལ་གོ་བ་དང་། དེར་བརྗེ་ཚབ་འབྲེལ་ཡོད་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་ཡང་ཟེར། འདི་ནི་སྨན་གཤེར་འགོག་རྒོལ་དང་རྒྱུད་འཛིན་ཚོར་སྐྱེན་རང་བཞིན་དང་འབྲེལ་བ་དམ་པོ་ཡོད་པའི་བརྗེ་ཚབ་སྐུལ་བསྟུན་རང་བཞིན་གྱི་མཆིན་པའི་རྨས་སྐྱོན་རིགས་ཤིག་རེད། དེ་ནི་མཆིན་པའི་རྩབས་ཁྲག་གི་དམིགས་ཚད་རྒྱུན་ལྡན་མིན་པ་དང་དལ་གཤིས་མཆིན་ནད་ཀྱི་རྒྱུན་མཐོང་གི་འབྱུང་རྐྱེན་རེད།

ཆང་བཅུད་རང་བཞིན་མ་ཡིན་པའི་མཆིན་པ་ཚིལ་འགྱུར་ནི་གབ་ཁུངས་རང་བཞིན་གྱི་མཆིན་པ་སྲ་འགྱུར་སློང་བའི་རྒྱུ་རྐྱེན་གཙོ་བོ་ཡིན། ཆང་བཅུད་རང་བཞིན་མ་ཡིན་པའི་མཆིན་པ་ཚིལ་འགྱུར་གྱི་ནད་པར་མཆིན་ཚིལ་གཤིས་འགྱུར་གྱི་གནས་ཚུལ་ཡོད་པ་དང་དེའི་ཁོངས་སུ་ཚ་ནད་དང་ཚི་སྣ་ཅན་ཡོད་མིན་གཉིས་འདུས། དེ་ལ་ཞིབ་ཏུ་དབྱེ་ན་ཆང་བཅུད་རང་བཞིན་མ་ཡིན་པའི་མཆིན་པ་ཚིལ་འགྱུར་དང་ཆང་བཅུད་རང་བཞིན་མ་ཡིན་པའི་མཆིན་ཚད་གཉིས་ཡོད། སྔོན་མ་ནི་ཚ་ནད་ཀྱི་མངོན་གསལ་བདེན་དཔང་མེད་པའི་མཆིན་ཚིལ་གཤིས་འགྱུར་ཡིན་པ་དང་། རྗེས་མ་ནི་མཆིན་ཚིལ་གཤིས་འགྱུར་ཁྲོད་གནས་པའི་མཆིན་ནད་ཡིན།

མཆིན་པ་ཚིལ་འགྱུར་གྱི་འབྱུང་རྐྱེན་ལ་གང་དག་ཡོད།

ཤ་རྒྱགས་དྲགས་པ། ལུས་པོའི་བཟང་ངན་མི་གཅིག་པའི་གནས་ཚུལ་འོག ཡ་གླིང་གི་མིའི་ལུས་ཚིལ་འདུས་ཚད་ཆེས་མཐོ་བར་མ་ཟད་ཚིལ་དག་གྲོད་ཁོག་དང་ནང་ཁྲོལ་དུ་གསོག་སླ་བ་རེད། དུས་ཡུན་ཐུང་ངུའི་ནང་དུ་ལུས་པོ་ཇེ་ལྗིད་དང་སྐེད་པ་ཇེ་སྦོམ་དུ་འགྲོ་བའི་རྒྱུ་རྐྱེན་ཡང་མཆིན་པ་ཚིལ་འགྱུར་དང་འབྲེལ་བ་དམ་ཟབ་ཡོད།

ལོ་ཚོད་དང་ཕོ་མོའི་དབྱེ་བ།ལོ་ཚོད་ཇེ་ཆེར་སོང་བ་དང་བསྟུན་ནས་མཆིན་པ་ཚིལ་འགྱུར་གྱི་ནད་འབྱུང་ཚད་ཡང་ཇེ་མཐོར་འགྲོ་བཞིན་ཡོད་ཅིང་། ལོ65ནས75བར་ནི་མཐོ་ཤོས་ཡིན། ཕོ་མོའི་དབྱེ་བའི་ཐད་ནས་བཤད་ན། ལོ55ཡན་གྱི་སྐྱེས་པར་མཆིན་པ་ཚིལ་འགྱུར་འབྱུང་ཚད་བུད་མེད་ལས་མཐོ་བ་རེད། ལོ55ཡི་རྗེས་སུ་བུད་མེད་ལ་མཆིན་པ་ཚིལ་འགྱུར་བྱུང་བའི་ཚད་མྱུར་དུ་ཡར་འཕར་བར་མ་ཟད་སྐབས་ལ་ལར་སྐྱེས་པ་ལས་ཀྱང་བརྒལ་འདུག

རྒྱུ་རྐྱེན་གཞན་པ། སློབ་གསོ་ཐོབ་ཚད་དམའ་བ་དང་། ཁྱིམ་ཚང་གི་ཡོང་འབབ་མཐོ་བ། འགུལ་སྐྱོད་བྱེད་ཚད་དམའ་བ། མངར་ཆ་འདུས་པའི་བཏུང་བྱའམ་ཡང་ན་ཚད་ལོངས་ཚིལ་སྣ་བསྡུ་ལེན་བྱེད་ཚད་མང་བ། ཟ་མ་ཟ་ཚད་མང་དྲགས་པ་དང་མྱུར་དྲགས་པ། ད་དུང་ཤ་རྒྱགས་དྲགས་པ་དང་གཅིན་སྙི་ཟ་ཁུའི་ནད། ཁྱིམ་རྒྱུད་ཀྱི་མཆིན་པ་ཚིལ་འགྱུར་གྱི་ནད་སོགས་འདུས་ཡོད། དེ་ལས་གཞན། གཅིན་སྐྱུར་མཐོ་བའི་ཁྲག་ནད་དང་ཨོལ་གོང་གཤེར་རྨེན་བྱེད་ནུས་ཉམས་པའི་ནད། འཕྱང་གཟུགས་བྱེད་ནུས་ཉམས་པའི་ནད། གཉིད་དང་འབྱིན་རྔུབ་གནས་སྐབས་མཚམས་འཇོག་པའི་ཕྱོགས་བསྡུས་ནད་རྟགས། སྣོད་མང་བསམ་བསེའུ་ཕྱོགས་བསྡུས་ནད་རྟགས། འཁྲིག་སྦྱོར་བྱེད་ནུས་ཉམས་པ། ཚེར་ནག་པགས་ནད། འཚོ་རྒྱུDདཀོན་པ་དང་རུས་སོབ་ནད་སོགས་ལའང་ཆང་བཅུད་རང་བཞིན་མ་ཡིན་པའི་མཆིན་ནད་འབྱུང་བའི་ཉེན་ཁ་ཡོད།

མཆིན་པ་ཚིལ་འགྱུར་ལ་ནད་རྟགས་ཅི་ཞིག་ཡོད།

ཆང་བཅུད་རང་བཞིན་མ་ཡིན་པའི་མཆིན་པ་ཚིལ་འགྱུར་གྱི་ནད་བྱུང་བར་སྦས་སྐུང་གི་དུས་ཡུན་རིང་ལ་འཕར་འགྲོས་དལ་བ། མང་ཆེ་ཤོས་ལུས་ཕུང་བརྟག་དཔྱད་བྱེད་སྐབས་མཆིན་པའི་བྱེད་ནུས་རྒྱུན་ལྡན་མིན་པ་དང་མཆིན་པ་སྐྲངས་པ། ནད་པ་ཉུང་ཤས་ལ་ཤེད་ཤུགས་ཉམས་པ་དང་། གསུས་ཁོག་མི་བདེ་བ། མཆིན་པར་ན་ཟུག་ལངས་པའམ་ཡང་ན་གྲོད་ཁོག་གཟེར་བ་སོགས་ཀྱི་ནད་རྟགས་ཡོད། མཆིན་ཚིལ་རང་བཞིན་གྱི་ནད་པ་ཚབས་ཆེན་དག་ལ་ད་དུང་མཁྲིས་པ་སེར་གྲམ་དང་ཟས་ལ་ཡི་ག་མེད་པ། སྐྱུག་མེར་ལངས་པ། སྐྱུག་པ་སོགས་ཀྱི་ནད་རྟགས་ཡོད། ཆང་བཅུད་རང་བཞིན་མ་ཡིན་པའི་མཆིན་པ་ཚིལ་འགྱུར་དེ་མཆིན་པ་སྲ་འགྱུར་གྱི་ཚབ་སྤྲོད་ཤོར་བའི་དུས་སུ་སླེབས་ཚེ་ནད་ཐོག་མངོན་ཚུལ་དེ་རྒྱུ་རྐྱེན་གཞན་དག་གིས་བསླངས་པའི་མཆིན་པ་སྲ་འགྱུར་དང་གཅིག་མཚུངས་ཡིན།

མཆིན་པ་ཚིལ་འགྱུར་གྱི་ནད་ཡོད་མེད་ཇི་ལྟར་ཤེས་སམ།

སྲོལ་རྒྱུན་གྱི་གཟུགས་བརྙན་རིག་པའི་བརྟག་དཔྱད་བྱེད་ཐབས་ལ་སྒྲ་འདས་དངCT། ཁབ་ལེན་མཉམ་འགུལ་བརྙན་གྲུབ་སོགས་ཡོད་ལ། འདི་དག་གིས་མཆིན་པ་ཚིལ་འགྱུར་ཡོད་མེད་ཀྱི་བརྡར་ཤ་གཅོད་ཐུབ་པར་མ་ཟད། མཆིན་ཚིལ་གྱི་ཁྱབ་ཚུལ་དང་རྣམ་པ། མཆིན་པ་སྲ་འགྱུར་མངོན་གསལ་ཡིན་མིན། མཆིན་ནང་གནས་འཛིན(དཔེར་ན། སྣོད་སྐྲངས། ཁྲག་རྩའི་སྐྲན། མཆིན་པའི་སྐྲན་ནད།)སྣོད་མཁྲིས་གཉན་ཚད། མཁྲིས་རྡོའི་ནད། མཆིན་པ་སྐྲངས་པ། གསུས་ཆུ་སོགས་ཀྱི་གནས་ཚུལ་ཀྱང་རྟོགས་ཐུབ།

ནད་ཐོག་སྨན་བཅོས་བྱེད་སྐབས། སྒྲ་འདས་ནི་ནད་བརྟག་དང་མཆིན་པ་ཚིལ་འགྱུར་ལ་ལྟ་ཞིབ་བྱེད་པའི་གཟུགས་བརྙན་རིག་པའི་བརྟག་དཔྱད་བྱེད་ཐབས་གཙོ་ཆེ་ཤོས་དེ་ཡིན། CTཤུགས་སྣོན་ཞིབ་བཤེར་དང་ཁབ་ལེན་མཉམ་འགུལ་ཞིབ་བཤེར་ནི་གཙོ་བོ་སྒྲ་འདས་བརྟག་དཔྱད་ཀྱིས་མངོན་གསལ་ཤེས་རྟོགས་བྱུང་བའི་ཆ་ཤས་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་དང་ཆ་ཚང་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་སོགས་ལ་བཀོལ་བ་ཡིན། འོན་ཀྱང་སྒྲ་འདས་དངCTསོགས་གཟུགས་བརྙན་རིག་པའི་བརྟག་དཔྱད་བྱེད་ཐབས་ཀྱིས་མཆིན་པ་ཚིལ་འགྱུར་རྐྱང་རྐྱང་དང་ཚིལ་གཤིས་མཆིན་ཚད་ཀྱི་དབྱེ་བ་འབྱེད་མི་ཐུབ་པར་མ་ཟད། མཆིན་པ་ཚིལ་འགྱུར་ནད་ཀྱི་འབྱུང་རྐྱེན་ཡང་གསལ་འདེབས་བྱེད་མི་ཐུབ།

མཆིན་པ་ཚིལ་འགྱུར་ལ་སྨན་བཅོས་བྱེད་དགོས་སམ།

མཆིན་པ་ཚིལ་འགྱུར་སྣང་མེད་དུ་གཏན་ནས་འཇོག་མི་རུང་། མཆིན་པ་ཚིལ་འགྱུར་གྱི་ནད་པས་ངེས་པར་ཡུན་རིང་དུ་ཙོག་ནས་འགུལ་སྐྱོད་མི་བྱེད་པའི་འཚོ་བ་བྱེད་སྟངས་བསྒྱུར་དགོས་པར་མ་ཟད། ཚིལ་མང་བ་དང་ཚ་ཚད་མཐོ་བའི་བཟའ་བཅའི་སྒྲིག་གཞི་སྙོམས་སྒྲིག་བྱེད་དགོས། ཁྲག་མངར་དང་མཁྲིས་ཚིལ་ཚོད་འཛིན་བྱས་ནས་འཚོ་བའི་གོམས་གཤིས་བཟང་པོ་ཆགས་སུ་འཇུག་དགོས། བྱེད་ཐབས་འདི་དག་གིས་ཆང་བཅུད་རང་བཞིན་མ་ཡིན་པའི་ཚིལ་གཤིས་མཆིན་ནད་ལ་ལེགས་བཅོས་བྱེད་ཐུབ་པར་མ་ཟད། ད་དུང་སྙིང་རྩ་འགག་པའི་ནད་དང་ཡང་ན་ཀླད་པར་གཟའ་གྲིབ་ཕོག་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། ཆང་བཅུད་རང་བཞིན་མ་ཡིན་པའི་མཆིན་པ་ཚིལ་འགྱུར་གྱི་ནད་པའི་སྙིང་ནད་དང་ཀླད་པའི་གཟའ་གྲིབ་ནད་ཀྱི་ཉེན་ཁ་ཡང་རྟག་ཏུ་ཅུང་མཐོ་བ་རེད། ནད་པས་ཐོག་མར་སྨན་བཅོས་བྱེད་སྐབས་ཚད་ལྡན་སྨན་ཁང་གི་འབྲེལ་ཡོད་ཆེད་ལས་ཚན་ཁག་ལ་སོང་ནས་ཡང་དག་པའི་བརྟག་དཔྱད་དང་ལུགས་མཐུན་གྱི་གདེང་འཇོག་བྱེད་དགོས།

མི་ཚོགས་གང་དག་གིས་དོགས་ཟོན་བྱེད་དགོས།

ཤ་རྒྱགས་པའམ་ཡང་ན་བརྗེ་ཚབ་འདུས་ནད། གཅིན་སྙི་ཟ་ཁུ་དུས་མགོའམ་ཡང་ན་གཅིན་སྙི་ཟ་ཁུ་རིགས2པ། གཟུགས་བརྙན་རིག་པའི་བརྟག་དཔྱད་ལ་མཆིན་ཚིལ་གཤིས་འགྱུར་དང་ཡང་ན་དྭངས་ཁྲག་ཨན་སྒྱུར་རྩབས་ཀྱི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་སོང་བའི(ཟླ་བ6ལས་བརྒལ་བ)མི་ནི་མཆིན་པ་ཚིལ་འགྱུར་གྱི་ཉེན་ཁ་ཆེ་བའི་མི་ཚོགས་ཡིན་པས། སྔ་མོ་ནས་ཆང་བཅུད་རང་བཞིན་མ་ཡིན་པའི་མཆིན་ཚིལ་ནད་ལ་བརྟག་དཔྱད་བྱེད་དགོས། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།