ཁྲིམས།
འཇིགས་སྐུལ་གྱི་བརྙན་ཕབ་ལེན་དང་ཁྱབ་སྤེལ་བྱས་ན་ནག་ཉེས་གང་ཞིག་བཟོས་ཡོད།
བློ་མཐུན་རྩོམ་སྒྲིག་པ་ལགས།
ངས་ཕྱི་རྒྱལ་གྱི་དྲ་ཚིགས་ཤིག་ནས་འཇིགས་སྐུལ་རྩ་འཛུགས་དང་ཆོས་ལུགས་རྩ་འཛུགས་ཀྱི་ཐལ་དྲགས་པའི་འཇིགས་སྐུལ་རིང་ལུགས་ཀྱི་བརྙན་མང་པོ་ཞིག་ཕབ་ལེན་བྱས་པར་མ་ཟད། སྐད་འཕྲིན་ཚོགས་པ་ཞིག་གི་ནང་བརྒྱུད་བསྐུར་བྱས་པས་དེའི་ཚོགས་མི་མང་པོ་ཞིག་གི་སེམས་ཁམས་ཟང་ཟིང་དུ་བཏང་མཐར་ཚོགས་གཙོས་ང་སྤྱི་བདེ་ལས་ཁུངས་ལ་ཐེར་འདོན་བྱས་པ་རེད། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ངའི་བྱ་སྤྱོད་འདི་བཅའ་ཁྲིམས་ཀྱི་གཏན་འཁེལ་གང་ཞིག་ལ་འགལ་ཡོད་དམ།
ཞེས་གཟུངས་སྐྱབས་ཀྱིས།
བློ་མཐུན་གཟུངས་སྐྱབས་ལགས།
རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་རྒོལ་བའི་བཅའ་ཁྲིམས》ཀྱི་དོན་ཚན3པའི་གཏན་འཁེལ་ལྟར་ན།“གཤམ་གྱི་བྱ་སྤྱོད་དག་ནི་འཇིགས་སྐུལ་རིང་ལུགས་ཀྱི་ངོ་བོ་ལྡན་པའི་བྱ་སྤྱོད་ཡིན་ཏེ།(གཅིག) རྩ་འཛུགས་དང་ཇུས་འགོད། གྲ་སྒྲིག་བྱས་ནས་ལག་བསྟར་བྱེད་པ། མི་སྣ་དང་རྒྱུ་ནོར་གྱི་གྱོང་གུད་ཚབས་ཆེན་བཟོ་བ། སྤྱིའི་སྒྲིག་བཀོད་ལ་གནོད་སྐྱོན་གཏོང་བ། སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་དུ་འགྱུར་བ་སོགས་སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོ་བའམ་བཟོ་རྩིས་ཡོད་པའི་རིགས།(གཉིས) འཇིགས་སྐུལ་རིང་ལུགས་སྒྲོག་སྤེལ་དང་། འཇིགས་སྐུལ་བྱ་སྤྱོད་སྤེལ་བར་ངན་སྐུལ་བྱས་པའམ་དྲིལ་སྒྲོག་བྱ་ཡུལ་འཇིགས་སྐུལ་རིང་ལུགས་ཀྱི་དངོས་རྫས་ཁྲིམས་འགལ་གྱིས་བཟུང་སྟེ་མི་མང་འདུ་འཛོམ་བྱེད་སར་མི་གཞན་ལ་འཇིགས་སྐུལ་རིང་ལུགས་སྒྲོག་སྦྱངས་བྱེད་པའི་རྒྱན་གོས་དང་མཚོན་རྟགས་བཙན་ཤེད་བྱས་རིགས།(གསུམ) འཇིགས་སྐུལ་བྱེད་སྒོ་སྤེལ་མཁན་རྩ་འཛུགས་སྒྲིག་འཛུགས་དང་། དེར་མགོ་ཁྲིད་བྱེད་པ་དང་དེའི་ཁྲོད་ཞུགས་སུ་བཅུག་པ།(བཞི) འཇིགས་སྐུལ་རྩ་འཛུགས་དང་། འཇིགས་སྐུལ་བྱ་སྤྱོད་སྤེལ་མཁན། འཇིགས་སྐུལ་བྱ་སྤྱོད་སྤེལ་བའམ་འཇིགས་སྐུལ་བྱ་སྤྱོད་གསོ་སྦྱོང་བྱེད་པར་ཆ་འཕྲིན་དང་མ་དངུལ། དངོས་ཟོག ངལ་ལས། ལག་རྩལ། ལས་ཡུལ་སོགས་ཀྱི་རྒྱབ་སྐྱོར་དང་། རམ་འདེགས། སྟབས་བདེ་བཅས་མཁོ་འདོན་བྱེད་པ།(ལྔ) འཇིགས་སྐུལ་བྱ་སྤྱོད་གཞན་དག་བཅས་ཡིན”ཞེས་བཀོད་ཡོད།《ཉེས་ཁྲིམས》ཀྱི་དོན་ཚན120པའི་ཚན་པ3པར“འཇིགས་སྐུལ་རིང་ལུགས་དང་ལོག་སྤྱོད་རིང་ལུགས། འཇིགས་སྐུལ་བྱ་སྤྱོད་ལག་བསྟར་བྱེད་པར་ངན་སྐུལ་བཅས་ཀྱི་ཉེས་པ”ཞེས་པ་ནི་འཇིགས་སྐུལ་རིང་ལུགས་དང་ལོག་སྤྱོད་རིང་ལུགས་འུད་སྒྲོག་བྱེད་པའི་དཔེ་དེབ་དང་། སྒྲ་ཟློས་བརྙན་ལམ་དཔྱད་ཡིག་གམ་དངོས་རྫས་གཞན་དག་བཟོ་བ་དང་འགྲེམས་སྤེལ་བྱས་པའམ་སློབ་ཁྲིད་དང་ཆ་འཕྲིན་ཁྱབ་སྒྲོག་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་འཇིགས་སྐུལ་རིང་ལུགས་དང་ལོག་སྤྱོད་རིང་ལུགས་སྒྲོག་སྤེལ་བྱས་པའམ་འཇིགས་སྐུལ་བྱ་སྤྱོད་སྤེལ་བར་ངན་སྐུལ་བྱས་རིགས་ལ་དུས་བཀག་བཙོན་འཇུག་ལོ5མན་དང་། གནས་ཚུལ་ཚབས་ཆེན་རིགས་ལ་དུས་བཀག་བཙོན་འཇུག་ལོ5ཡན་གྱི་ཉེས་ཆད་དང་དངུལ་ཆད་བཅས་མཉམ་དུ་གཅད་རྒྱུའམ་རྒྱུ་ནོར་གཞུང་བཞེས་གཏང་རྒྱུ”ཞེས་བཀོད་ཡོད།
གོང་གི་གྱོད་དོན་འདིར་གཞིགས་ན། ཁྱོད་ཀྱིས་སྐད་འཕྲིན་ཚོགས་པའི་ནང་དྲག་ཤུགས་འཇིགས་སྐུལ་གྱི་བརྙན་འབོར་ཆེན་བརྒྱུད་སྐུར་བྱས་པས་འཇིགས་སྐུལ་རིང་ལུགས་ཁྱབ་སྒྲོག་བྱས་པའི་ནག་ཉེས་བསགས་ཡོད།
ཅེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།